ཆར་གདུགས་མེད་པའི་བྱིས་པ་ངེས་པར་དུ་འབད་པས་རྒྱུག་འོས།

ཁྲི་ཟླ་གཞོན།        2021-01-15

      གལ་ཏེ་ཁྱེད་ཉིད་གནས་འདི་ནས་གནས་གཞན་ཞིག་ཏུ་ཆས་དགོས་ཤིང་།ལམ་སྐེད་དུ་ཐོན་དུས་དྲག་ཆར་བབས་པ་ཡིན་ན།ཆར་གདུགས་དང་ཆར་ལྭ་ཅི་ཡང་མེད་པའི་ཆ་རྐྱེན་འོག་ཏུ་ཁྱེད་ཀྱིས་ཅི་ཞིག་བྱེད་སྲིད་དམ།དེ་ནི་སྨྲ་མི་དགོས་པར་ཁྱོད་ཀྱིས་ལམ་གཉིས་གདམ་སྲིད།གཅིག་ནི་ཆར་ལ་བཞའ་ཆེད་ཁྱོད་རང་མྱུར་དུ་ཕྱིར་ཁྱིམ་ལ་ལོག་སྲིད་ཅིང་ཅིག་ཤོས་ནི་ཁྱོད་ཀྱིས་འབད་པ་བྱས་ཏེ་རང་གི་དམིགས་ཡུལ་གྱི་ལམ་དེར་སྙེག་སྲིད།གང་ལྟར་ཀྱང་།ཁྱོད་རང་ཆར་ནང་དུ་གཏན་ནས་ལངས་ཏེ་འདུག་མི་སྲིད།ཅིའི་ཕྱིར་ཟེར་ན།ཁྱོད་ལ་གཞན་གྱི་བྱིས་པ་ནང་བཞིན་ཆར་གདུགས་སྟེར་མཁན་མེད་ལ་ཆར་ལྭ་ཡང་རྩ་བ་ནས་མེད་པས་སོ།།

      མི་རྣམས་ནི་སྐྱེས་མ་ཐག་ནས་འདྲ་མཉམ་གྱི་གོ་སྐབས་ཁྲོད་འཚོ་ཞིང་དུས་ཚོད་ཀྱིས་ཉམས་སད་པའི་བརྒྱུད་རིམ་ཁྲོད་ཕན་ཚུན་བར་ཧེ་བག་ཤོར་བ་ཞིག་ཡིན།རྒྱ་ནག་ཏུ་སྐད་གྲགས་ཆོད་པའི་ཁེ་ལས་བ་ཆེན་པོ་ལི་ཅ་ཁྲེན(李嘉诚)་ལགས་ནི་དོན་དངོས་འདི་ར་སྤྲོད་བྱེད་པའི་དཔེ་མཚོན་གྲས་ཀྱི་གཅིག་ཡིན་ཏེ།ཁོང་ནི་1928ལོའི་ཟླ༧པའི་ཚེས༢༩ཉིན་ཀོང་ཏུང་ཁྲའོ་ཀྲོའུ་ཁྲའོ་ཨན་རྫོང་(广东潮州潮安县)གི་དགེ་རྒན་གྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་།ལོ་ན་ལྔ་ལ་སོན་སྐབས་ཨ་ཕའི་སློབ་སྟོན་བཞིན་སློབ་ཆུང་དུ་ཞུགས།1937ལོར་ལྗར་པན་གྱིས་ཕྱོགས་ཡོངས་ནས་ཀྲུང་གོར་བཙན་འཛུལ་བྱས་ཏེ་ཁྲའོ་ཀྲོའུ་ལ་འགས་གཏོར་བྱས་ཤིང་།1939ལོར་དམའ་འབྲིང་དུ་ཞུགས་མ་ཐག་པའི་ལི་ཅ་ཁྲེན་ཁྱིམ་མི་དང་མཉམ་དུ་ཞང་ཀང་དུ་ཡོད་པའི་ཞང་བོ་ཀྲོང་ཅིན་ཨན་(庄静庵)གྱི་ཁྱིམ་དུ་སྤར།

      1941ལོའི་ཟླ་བ12ཚེས་8ཉིན་ཞི་བདེ་རྒྱ་མཚོའི་དམག་འཁྲུག་ལངས་པ་དང་།ཞང་ཀང་གི་དབྱིན་དམག་གིས་ལྗར་པན་ལ་མགོ་བཏགས་པ་དང་ཞང་ཀང་ཤོག་སྒོར་གྱི་འཛའ་ཐང་རྒྱུན་ཆད་མེད་པར་མར་ཆག་ཏེ་ཟོག་གོང་མྱུར་དུ་འཕར་བས་ལི་ཚང་གི་འཚོ་བར་ཡང་དཀའ་ངལ་ཆེན་པོ་བྱུང་།ཁོའི་ཨ་ཕ་ལི་ཡོན་ཅིན་(李云经)ལའང་སྐབས་དེར་ངལ་དུབ་ཆེ་དྲགས་པའི་རྐྱེན་གྱིས་གློ་ནད་བྱུང་བ་རེད།

      1943ལོའི་དགུན་ཁར།ཁོའི་ཨ་ཕ་ལི་ཡུན་ཅིན་གྱི་ནད་ཚབས་ཇེ་ཆེར་གྱུར་ནས་ཚེ་ལས་འདས་ཤིང་ཨ་མ་དང་ནུ་བོ་ནུ་མོ་གསུམ་སོགས་ཁྱིམ་ཚང་སྐྱོང་བའི་འགན་ལྕི་མོ་དེ་ལོ་ན་བཅུ་བཞི་ལ་སོན་པའི་ལི་ཅ་ཁྲེན་གྱི་ཕྲག་ཏུ་བབས།སྐབས་དེར་ཁོ་རང་ཁྱིམ་གྱི་བུ་ཆེ་བ་ཡིན་པའི་ངོས་ནས་སློབ་མཚམས་མི་འཇོག་ཐབས་མེད་བྱུང་སྟེ་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་འཚོ་བར་ཆེས་ཐོག་མར་ཞུགས་མགོ་བརྩམས།ལི་ཅ་ཁྲེན་གྱིས་སྔོན་ལ་ཨ་ཞང་ཀྲོང་ཅིན་ཨན་གྱི་དབུས་ལྷོ་དུས་ཚོད་སྤྱི་གཉེར་ཁང་ནས་ཇ་སྦངས་པ་དང་གད་བདར་བྱེད་པའི་བྱ་བ་ཆུང་ཙག་སྒྲུབ་ལ།ཐོག་དང་པོར་སྐབས་བབ་དང་བསྟུན་ནས་བྱ་བ་བསྒྲུབ་རྒྱུ་དང་མིའི་བྱ་བྱེད་ལ་བརྟག་རྒྱུ་སོགས་གནས་ལུགས་མང་པོ་ཤེས།

    1945ལོའི་ཟླ་8པར་ལྗར་པན་གྱིས་གླེང་མེད་དུ་མགོ་བཏགས་ལ།ལི་ཅ་ཁྲེན་གྱིས་ལས་གནས་སྤར་ཅིང་ཆུ་ཚོད་འཁོར་ལོའི་ཚོང་ཁང་ཞིག་གི་ཚོང་གཡོག་བྱས་ཏེ་ཆུ་ཚོད་འཁོར་ལོ་སྒྲིག་སྦྱོར་བཟོ་བཅོས་ཀྱི་ལག་རྩལ་སྦྱངས་པ་རེད།1947ལོར་ལི་ཅ་ཁྲེན་གྱིས་དུས་ཡུན་རིང་པོར་གཞན་བརྟེན་བྱེད་མི་འདོད་པའི་དབང་གིས་ལྕགས་རིགས་བཟོ་གྲྭ་ཞིག་ཏུ་ཚོང་གཉེར་བ་བྱས་པ་དང་།ཞང་ཀང་བས་"་ཁྲོམ་སྐོར་བ་"་ཞེས་འབོད་པའི་ཚོང་གཉེར་གྱི་འཚོ་བ་སྐྱེལ་འགོ་བརྩམས།1948ལོར་ཕུལ་དུ་བྱུང་བའི་འགྲེམ་འཚོང་གྲུབ་འབྲས་ཀྱི་དབང་གིས་ལོ་ན20ལ་སོན་པའི་ལི་ཅ་ཁྲེན་ལ་འགྱིག་ཤོག་མེ་ཏོག་བཟོ་གྲྭའི་སྤྱི་ཁྱབ་གཉེར་དཔོན་གྱི་འགན་བཞེས་སུ་བཅུག

     1950ལོར་ལོ22ལ་སླེབས་པའི་ལི་ཅ་ཁྲེན་གྱིས་དུས་རྒྱུན་དུ་ཟ་མཁས་འཐུང་མཁས་བྱས་ནས་བསགས་པའི་ཨ་སྒོར7000སྤྱད་དེ་ཧྲའོ་ཅི་ཝན་(筲箕湾)དུ་འབྲི་ཆུའི་འགྱིག་ཤོག་བཟོ་གྲྭ་བཙུགས་པ་རེད།1957ལོའི་ལོ་མཇུག་ཏུ་འབྲི་ཆུའི་འགྱིག་ཤོག་བཟོ་གྲྭའི་མིང་འབྲི་ཆུའི་བཟོ་ལས་ཚད་ཡོད་སྤྱི་གཉེར་ཁང་ཞེས་པར་བསྒྱུར་པ་དང་།སྤྱི་གཉེར་ཁང་སྤྱི་ཁྱབ་པུའུ་ཞིན་ཕུའུ་ཀང་(新莆岗)ནས་བྱང་ཟུར་(北角)དུ་སྤོས་རྗེས་ལི་ཅ་ཁྲེན་གྱིས་རྐང་དཔོན་དང་སྤྱི་ཁྱབ་གཉེར་དཔོན་གཅིག་ལྕོགས་ཀྱི་འགན་ཁུར་བ་དང་།བཟོ་ཁང་ཁག་གཉིས་སུ་ཕྱེ་ཡོད་པ་སྟེ།གཅིག་གིས་སྔར་བཞིན་འགྱིག་གི་རྩེད་ཆས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་།གཞན་ཞིག་གིས་འགྱིག་གི་མེ་ཏོག་ཐོན་སྐྱེད་བྱེད་ཀྱི་ཡོད་ལ།ལི་ཅ་ཁྲེན་གྱིས་འགྱིག་གི་མེ་ཏོག་ཐོན་རྫས་གཙོ་བོར་བཟུང་ཡོད།འགྱིག་གི་མེ་ཏོག་གིས་ལི་ཅ་ཁྲེན་ལ་སྒོར་ཁྲི་སྟོང་མང་པོའི་ཁེ་སྤོགས་ཁྱེར་ཡོང་བ་དང་།འབྲི་ཆུའི་བཟོ་གྲྭ་ནི་འཛམ་གླིང་གི་ཆེས་ཆེ་བའི་འགྱིག་གི་ཐོན་སྐྱེད་བཟོ་གྲྭར་གྱུར།ཅུང་མ་འགོར་བར་ཁོས་ཧུར་ཐག་གིས་འཛམ་གླིང་ཁྲོམ་ར་གསར་འབྱེད་བྱས་པ་མ་ཟད“འགྱིག་གི་རྒྱལ་བོ”རུ་གྱུར།

      དེ་ལྟར་དཀའ་ངལ་གང་མང་བརྒྱུད་མཐར་ཁོང་ལ་ཁེ་གཉེར་གྱི་གྲུབ་འབྲས་རྒྱ་ཆེན་པོ་ཐོབ་ཅིང་སྔ་ཕྱིར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏེང་ཞའོ་ཕིང་དང་ཧུའུ་ཅིན་ཐའོ་སོགས་ཀྱིས་མཇལ་འཕྲད་གནང་ལ།ལྷག་པར2014ལོའི་<<ཧྥུ་པུའུ་སི>>་ཞེས་པའི་དུས་དེབ་ཀྱིས་ཁྱབ་བསྒྲགས་བྱས་པའི་འཛམ་གླིང་ཡོངས་ཀྱི་ཕྱུག་པོའི་ཨང་རིམ་ཁྲོད་ལི་ཅ་ཁྲེན་གྱི་མ་རྩ་ཁེར་གཙང་གི་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར310ཟིན་པ་དང་།ཁྲན་ལན་ཨེ་ཤ་ཡའི་ཕྱུག་པོ་ཨང་དང་པོ་(蝉联亚洲首富)དང་འཛམ་གླིང་ཡོངས་ཀྱི་ཕྱུག་བདག་ཨང་ཉི་ཤུ་པ་རེད། དེ་ལྟར་ཁོང་གིས་ཀྱག་ཀྱོག་གི་ལམ་ཕྲན་མང་པོ་བརྒྱུད་ཅིང་དཀའ་སྡུག་གི་མདུན་དུ་དཔའ་མི་ཞུམ་པའི་སྙིང་སྟོབས་བསྐྱེད་དེ་འབད་པ་བྱས་པས་མཐར་འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་ཐེབས་པའི་རླབས་ཆེན་མི་སྣ་ཞིག་ཏུ་གྱུར། ཁོང་གི་བྱ་བཞག་ལེགས་འགྲུབ་བྱུང་རྗེས།སྔ་ཕྱིར་མ་དངུལ་འབོར་ཆེན་བཏང་ནས།རྒྱལ་ཁབ་ཀྱི་སློབ་གསོ་དང་དཔལ་འབྱོར་འཛུགས་སྐྲུན་ཐད་གོང་འཕེལ་གྱི་སྒུལ་ཤུགས་ཆེན་པོ་བྱིན།མདོར་ན་ད་ལྟའི་ཁོང་ནི་ལོ་ངོ་མང་པོའི་ཡར་སྔོན་གྱི་བྱིས་པ་སྐམ་རིད་དེ་མིན་པར།རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་ཆེ་ཞིང་འཛམ་གླིང་ལ་སྐད་གྲགས་ཆོད་པའི་ཁེ་ལས་པ་དང་མི་སྣ་རླབས་པོ་ཆེ་ཞིག་ཡིན་ནོ།།

      འདི་ནི་ཆར་གདུགས་མེད་པའི་བྱིས་པ་ཞིག་གི་འབད་བརྩོན་གྱི་བརྒྱུད་རིམ་ཡིན་ལ།ཕལ་བའི་མི་བུ་ཞིག་གིས་ཕལ་བའི་ལམ་བུའི་སྟེང་ནས་ཕལ་བ་མིན་པའི་གྲུབ་འབྲས་བླངས་བའི་གོ་རིམ་ཡང་ཡིན།གལ་ཏེ་ཁྱོད་ལ་གཞན་ལས་འཕགས་པའི་མཛེས་པ་ཞིག་དང་གཞན་ལས་འཕགས་པའི་རིག་སྟོབས་ཤིག་མེད་པར།གལ་ཏེ་ཁྱོད་ལ་གཞན་ལས་འཕགས་པའི་དབང་ཤེད་དང་གཞན་ལས་འཕགས་པའི་རྒྱུ་འབྱོར་ཅན་གྱི་ཡབ་ཆེན་ཞིག་མེད་པར།ཕལ་བའི་ལམ་བུ་རུ་ཕལ་བའི་རྣམ་ཐར་བསྐྱངས་ཏེ་འཕག་འཚག་རྒྱག་མཁན་ཞིག་ཡིན་ན།ད་ནི་སྟོང་འདང་དང་སྒྱིད་ལུག་གི་ཞིང་ཁམས་སུ་མ་ཉུལ་བར།ལེ་བདའ་དང་འཁང་ར་ཡི་གད་སྐྱིབས་སུ་མ་འཛུལ་བར།རོགས་སྐྱོར་དང་རོགས་དངུལ་ལ་ལག་པ་མ་གཟེད་པར།རང་གི་ལས་དབང་རང་ལག་ཏུ་ཡོད་པ་ཡིད་ལ་ཟུངས་དང་ཀུན་ལ་ཐོབ་ཡོད་པ་དེ་ཁྱོད་ལའང་ཐོབ་ལ།ཀུན་གྱིས་མྱོང་བཞིན་པའི་བདེ་བ་དེ་ཁྱོད་ཀྱིས་ཀྱང་མྱོང་ཐུབ་ངེས།དེ་མ་གཏོགས་དུས་རྒྱུན་གཞན་ཁོ་ནར་སྐྱབས་རེ་བ་ནི་རོ་ཁ་གདངས་ལ་གྲོག་གནམ་འབབ་ཀྱི་དཔེ་བཞིན་སྟོང་བ་རྐྱང་རྐྱང་ལས་མ་འདས།དེ་བས།ཆར་གདུགས་མེད་པའི་བྱིས་པ་ངེས་པར་དུ་འབད་པས་རྒྱུག་འོས་ལ།ཧད་ནས་འདུག་པའི་གོ་སྐབས་ནི་ཡེ་ནས་མེད་དོ།།


  • ལེ་ཚན་སྔོན་མ།:སེམས་པ་སེམས་ཀྱིས་འཚོ་བའི་མི།
  • ལེ་ཚན་རྗེས་མ།:ང་ད་ལྟ་ནུབ་བྱང་དུ་མེད།