དྲིན་ཕ་མ་གཉིས་ལ་སྐྱབས་སུ་མཆི།

ཁྲི་ཟླ་གཞོན།        2021-01-14

མངོན་མཐོ་ངེས་ལེགས་ལྷ་རུ་མ་འཁྲུངས་པ།།

བཅོ་བརྒྱད་དམྱལ་བའི་བདུད་དུ་མ་སྐྱེས་པ།།

གང་འཁྱམ་བར་དོར་ལྡོམ་པོར་མ་སྐྱུར་པ།།

ངེས་དོན་འདྲེན་མཆོག་ཕ་མར་སྐྱབས་སུ་མཆི།།

གྲང་ལྟོགས་ལྟོ་རྒྱབ་སྡུག་ལས་མྱུར་འདྲེན་པ།།

ལུས་དང་སེམས་ཀྱི་ཁུར་བོ་དབོག་པ་པོ།།

དགའ་སྐྱོའི་གཏམ་རྒྱུད་གསོག་པའི་རྒན་པ་བ།།

འཇིགས་སྐྱོབ་སྒྲོལ་མའི་རྣམ་སྤྲུལ་ཕ་མར་འདུད།།

རྒྱལ་ན་རྒྱལ་བའི་དཔའ་རྟགས་འཐེན་པ་པོ།།

ཕམ་ན་ཕམ་ཁའི་སེམས་ཤུགས་གསོ་བ་བོ།།

གང་བརྩམས་འགྲིག་མིན་རྒྱབ་ནས་སྐྱོར་བ་བོ།།

མྱུར་མགྱོགས་ལྷ་ཡི་ལྷ་གཅིག་ཕ་མར་འདུད།།

ན་ན་རང་གི་ཡོད་ཚད་གཏོང་བ་བོ།།

ཡོད་ན་ཡོད་ཚད་བུ་ལ་སྦྱིན་པ་པོ།།

གང་བསམ་བུ་ཡི་ཆེད་དུ་གཏོང་ཕོད་པ།།

སེམས་དཔའི་མཆོག་གྱུར་ཕ་མར་སྐྱབས་སུ་མཆི།།

གང་བསགས་རྒྱུ་དང་ནོར་གྱིས་ཕྱུག་པ་བོ།།

གང་སྒྲུབ་ལས་དང་བསོད་ནམས་མཐོ་བ་བོ།།

གང་སྦྱིན་ཕངས་མེད་དེ་བཞིན་གཏོང་བ་བོ།།

ལྷ་ཡི་ལྷ་གཅིག་ཕ་མར་སྐྱབས་སུ་མཆི།།

བླང་དོར་དཀར་ནག་དོན་གྱི་དབྱེ་འབྱེད་པ།།

དྲང་འཁྱོག་ལམ་གྱི་ཚད་ཐིག་འབྱེད་པ་པོ།།

སྲིད་པའི་རྒན་གྲས་རིག་པའི་ལམ་སྟོན་པ།།

བླ་མ་བླ་མའི་གཙོ་བོ་ཕ་མར་འདུད།།

  • ལེ་ཚན་སྔོན་མ།:ཉི་མ་དང་ཟླ་བ།
  • ལེ་ཚན་རྗེས་མ།:​སེམས་ཀྱི་ཤ་ལ་འབྱར་བའི་གཡུ་ཆུང་བུ་མོ།