ཉི་མ་དང་ཟླ་བ།

སྲད་འདབ་གསར།        2021-01-14

སྒྱུ་རྩལ་པདྨའི་ཞིང་གི་ཕོ་བྲང་ན། །

རབ་སྙན་རྒྱུད་མངས་འཁྲོལ་བའི་ཚངས་སྲས་མ། །

འཆི་མེད་བདུད་རྩིའི་དབྱངས་ཀྱི་འགྱུར་ཁུགས་ཁྲོད། །

ངག་རིག་ཕྱག་སོར་བདག་ལ་སྩོལ་དང་ཀྱེ། །

ཨ་སྔོན་གནམ་གྱི་རྩིབས་ན་བརྟན་པ་ཡི། །

དུང་གི་ཉི་ཟླ་ཆ་གཅིག་ཀྱེ་མ་ཧོ། །

དོག་མོ་ས་ཡི་སྤང་ན་བཞད་པ་ཡི། །

རྒྱ་བོད་ཁྱིམ་ཚང་ཆེན་མོའི་མེ་ཏོག་མཚར། །

མཛའ་གཅུགས་འཇའ་ཚོན་འཆར་བའི་གསེར་ཟམ་ན། །

གཙང་པོ་ཆལ་ཆིལ་གཡོ་བའི་ཀླུང་རྒྱུན་ཁྲོད། །

རྒྱ་བོད་གསེར་མིག་ཆ་གཅིག་འཁྱུག་འགྲོས་ཆེ། །

ཀྲུང་ཧྭ་མངའ་ཐང་རྒྱས་པའི་རླབས་སྒྲ་སྙན། །

གསོན་ཤུགས་ལང་ཚོ་འབར་བའི་ལྡུམ་ར་ན། །

སྣ་ཚོགས་དཔུང་རྡང་འདྲིལ་བའི་འབྲས་ལྡན་སྡོང་། །

འཚོ་བའི་ཟབ་སར་བདེ་སྐྱིད་དཔལ་ལ་རོལ། །

ལྔ་དྲུག་ཕུ་ནུའི་ལོངས་སྤྱོད་ལྷ་ལ་བསྒྲུན། །

གདགས་སྲིབ་སྤར་ཁ་དུས་ཀྱི་དཀྱིལ་འཁོར་དུ། །

རུ་སྟར་མདའ་ལ་འཁུམས་པའི་དཔུང་གི་སྡེ། །

སྡེ་བརྒྱད་འགྲམ་ཆུ་ལྡང་བའི་ཡ་གླིང་ཤར། །

ཤར་ཕྱོགས་དེད་དཔོན་མ་ཡིན་ཅི་ལ་སྲིད། །

ཟླུམ་དུ་འཁྱིར་བའི་འཕང་དང་སྐོར་རུ་བཞིན། །

རྟེན་འབྲེལ་ལས་ཀྱིས་འཛོམས་པའི་མི་རིགས་ཁག །

ཅན་བཞིའི་བལ་སྐུད་རིང་མོ་ལེགས་བཀལ་ཏེ། །

མཐུན་སྒྲིལ་སྣམ་བུ་ཤད་མ་བཙེམ་པར་མཚར། །

དཀར་དཀར་གངས་རི་མཐོན་པོའི་འདབས་རོལ་ནས། །

མངར་མངར་ནས་ཆང་སྔོན་མོ་ཡར་བཀྱགས་ཏེ། །

སྙན་སྙན་དབྱངས་ཀྱི་རྟ་ཕོས་སྤྱི་ཚོགས་འདིའི། །

ཞི་མཐུན་རྣམ་པ་གསར་པར་བསྟོད་གླུ་ལེན། །

དབྱངས་གསལ་ཡི་གེའི་ལུས་ལ་ཚོར་སྣང་གི །

རྣམ་ཤེས་ཟུངས་ཤུགས་སྟེར་མཁན་སྙན་ངག་པས། །

ཉི་མ་ཟླ་བའི་གཞིས་ཁྱིམ་དྲོན་མོ་ལ། །

བཀྲ་ཤིས་རྩམ་ཡལ་སྒྲོན་པ་དེ་ཙམ་མོ། །

  • ལེ་ཚན་སྔོན་མ།:དུང་བ་གསེར་གྱི་འཕྲིན་ཆུང་།
  • ལེ་ཚན་རྗེས་མ།:དྲིན་ཕ་མ་གཉིས་ལ་སྐྱབས་སུ་མཆི།