སེམས་པ་སེམས་ཀྱིས་འཚོ་བའི་མི།

གྲུ་སྐྱ།        2021-01-13

     དེ་རིང་འཕྲིན་ཕྲན་གྱི་བར་སྟོང་ལས་གླུ་བ་ཆུང་ཆུང་རྟ་མགྲིན་རྡོ་རྗེ་དང་ཁོའི་ཨ་ཕ་གཉིས་ཀྱི་མི་རིགས་མཐུན་སྒྲིལ་རྟགས་མའི་རྡུང་ལེན་འགྲན་བསྡུར་ལ་གྲ་སྒྲིག་བྱེད་ཀྱིན་པའི་བརྙན་ཐུང་ཞིག་མཐོང་བྱུང་། བརྙན་ཐུང་དེས་ང་ལ་སྨྲ་མི་ཤེས་པའི་ཚོར་སྣང་ཟབ་མོ་ཞིག་སྟེར་བྱུང་། མ་གཞི་འཇིག་རྟེན་གྱི་ཁམས་ཆེན་མོ་འདིར་ང་ཚོ་ལ་ཕ་མ་ཡོད་པས། ད་གཟོད་གནས་གང་ཞིག་ཏུ་ཕྱིན་ཀྱང་ཡུལ་དུས་ངེས་མེད་དུ་གཟུགས་མེད་ཀྱི་བྱམས་བརྩེའི་དྲོད་རྒྱུན་ཞིག་གིས་ནམ་ཡང་སྐྱོང་ནས་ཡོད་པར་ཚོར།

      ནམ་ཞར་ཨ་ཕ་དང་འབྲེལ་བའི་གཏམ་བཤད་ལ་ཉན་པའམ་རྩོམ་ཡིག་སོགས་ཀློག་པའི་སྐབས་སུ་ངའི་མིག་ཀོང་མཆི་མས་བརླན་པ་བགྲང་གིས་མི་ལོང་། དེ་ནི་རང་ཉིད་ཨ་ཕའི་བརྩེ་བ་དང་བྲལ་ནས་ལོ་མང་ཕྱིན་པས་ཡིན་ངེས། གླུ་བ་ཆུང་ཆུང་རྟ་མགྲིན་རྡོ་རྗེ་དང་ཁོའི་ཨ་ཕའི་འཁྲབ་སྦྱོང་གི་བརྒྱུད་རིམ་དེ་ལས་ངས་ལྷད་མེད་པའི་ཕ་བུ་བར་གྱི་མཛའ་བརྩེ་དྲོན་མོ་དེ་མཐོང་བྱུང་། དེ་ནི་ཇི་འདྲའི་སྙིང་དུ་སྡུག་ཅིང་ཞེ་བློ་བྲོད་པོ་ཞིག་རེད་ཨང་། རྟ་མགྲིན་རྡོ་རྗེའི་ཨ་ཕ་ལྟ་བུའི་ཆེས་སྤྱིར་བཏང་དང་ཆེས་ཕལ་བ་ཡིན་པའི་ཨ་ཕ་མང་པོ་ཞིག་གིས་དེ་ལྟར་རང་གི་བུ་ཕྲུག་གི་མདུན་ལམ་འོད་སྟོང་ལྡན་པར་བསྒྱུར་མྱོང་བར་སུས་ཀྱང་བསྙོན་དུ་མེད་པས། ཁོང་ཚོའི་དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ་རེ་རེའི་གསེང་ན་བུ་ཕྲུག་གི་རེ་བ་སྐུང་ཡོད།ཁོང་ཚོའི་སྲ་ཞིང་བརྟན་པའི་ཕྲག་ཀོང་དང་རྒྱབ་ཏུ་བུ་ཕྲུག་གི་ཕུགས་འདུན་ཁུར་ཡོད། དེ་བས་འཛམ་གླིང་གི་ཡང་རྩེ་རུ་བསྙེག་པའི་མཐོ་སྒང་གི་ཡུལ་གྲུ་འདི་རུ་དེ་ལྟར་རླབས་ཆེན་ཡིན་ལ་ཕལ་བ་ཡིན་པའི་ཨ་ཕ་མང་པོ་ཞིག་གིས། ས་ཆེན་གྱི་ཕང་བ་རུ་འོད་ཀྱི་ཟེགས་མ་སྟོར་བའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་དྲིན་གྱིས་བསྐྱངས་མྱོང་བར་དྲན་འཛིན་གྱི་མེ་ལོང་ངོས་སུ་ཡང་ཡང་འཆར་ཡོང་།

      ད་ཆ་ང་རང་ཁྲིད་སྟེགས་སུ་བུད་ནས་སློབ་མ་ཚོར་སློབ་ཁྲིད་དང་ཁ་བརྡ་བྱེད་དུས་ཚམ་ཚོམ་མེད་པར་ཨ་ཕ་ལགས་དྲན་ཡོང་ལ། ཞོགས་པ་རེ་རེ་ཁྱིམ་བདག་ཚོས་འཕྲུལ་རྟ་བཞོན་ནས་རང་གི་བུ་ཕྲུག་དག་སློབ་གྲྭར་བསྐྱལ་ཡོང་བའི་རྣམ་པ་དེ་མཐོང་དུས་ལྷག་ཏུ་ཨ་ཕ་ལགས་དྲན་ཡོང་། ད་དུང་ཁྱིམ་བདག་རེ་འགས་ང་ལ་ངེད་ཚང་གི་བུའམ་བུ་མོ་འདིའི་ཡི་གེ་མ་ཤེས་ན་གཅར་རྡུང་བྱས་ཀྱང་སྐྱོན་མེད་ཅེས་རེ་བཅོལ་དང་ནན་སྐུལ་ཡང་ཡང་བྱེད་དུས། ལོ་ངོ་དུ་མའི་ཡར་སྔོན་དུ་ངའི་ཨ་ཕས་ཀྱང་འདི་ལྟར་དགེ་རྒན་ལ་རེ་བཅོལ་ནན་མོ་བྱས་མྱོང་བའི་རྣམ་པ་དེ་གསལ་གསལ་དག་དག་གིས་ཡིད་ལ་འཁོར་འོངས། དེ་དུས་ཁྱིམ་ཚང་ལས་སློབ་གྲྭའི་བར་དུ་ད་ལྟ་ནང་བཞིན་ལམ་དེ་འདྲ་བཟང་རྒྱུ་མེད་ལ་ལམ་ཐག་ཀྱང་སྤྱི་ལེ་བཅོ་བརྒྱད་ཙམ་བརྒྱུད་དགོས་པ་དང་། དུས་རྒྱུན་གཟའ་མཇུག་མ་གཏོགས་ཁྱིམ་ལ་འགྲོ་མི་ཐུབ་པས། གཟའ་མཇུག་གི་སྐབས་སུ་ཨ་ཕས་འཕྲུལ་རྟ་བཞོན་ནས་ང་རང་ཡར་མར་བསུ་སྐྱེལ་བྱེད་ཀྱིན་ཡོད། གཟའ་ཟླ་བའི་ཞོགས་པ་སྔ་མོ་ནས་མལ་ལས་ལངས་ཏེ་སློབ་གྲྭར་འགྲོ་དགོས་པས། དབྱར་དུས་དང་དགུན་དུས་སུ་ཆར་ཆུ་དང་ལྷགས་རླུང་ཇི་ལྟར་ཆེ་ཡང་། ཨ་ཕས་ང་རང་འཕྲུལ་རྟའི་འཕོངས་ལ་བསྐྱོན་ནས་སློབ་གྲྭར་བསྐྱལ་ཞིང་། ངའི་ལག་ཏུ་སྒོར་མོ་ལྔ་ལོ་དང་བཅུ་ལོ་ཅན་རེ་བཞག་ནས། གཅེས་ཕྲུག ཡི་གེ་ཡག་པོ་སྦྱོངས་དང་ཨ་ཕ་ལ་དེ་ལས་ལྷག་པའི་དགའ་བ་ཞིག་གང་ན་ཡོད་ཅེས་ཡང་ཡང་བརྗོད་ནས་ངའི་མགོ་བོར་བྱིལ་བྱིལ་ལན་འགའ་བཏང་རྗེས་ཕྱིར་ཡུལ་ལ་ལོག་འགྲོ།

      ང་རང་ལོ་རིམ་ལྔ་པ་འདོན་པའི་ལོ་དེར་ཨ་ཕ་ལགས་མི་འདོད་ནད་ཀྱིས་བཟུང་ནས་མཐར་ངའི་འཇིག་རྟེན་དང་གཏན་དུ་གྱེས་སོང་། དུས་དེ་ནས་བཟུང་ང་ནི་ཕ་མེད་ཀྱི་དྭ་ཕྲུག་ཅིག་གི་ལས་དབང་དེ་མི་ཁུར་ཀ་མེད་གྱུར། ང་ལ་མཚོན་ན་ཨ་ཕ་ནི་ཡོད་ཚད་ནས་ཡོད་ཚད་ཡིན་པས། ད་ཆ་དཀར་ངོགས་ཀྱི་འཇིག་རྟེན་འདིར་མི་བཞུགས་ཀྱང་ཁོང་གིས་ང་ལ་རྣམ་ཀུན་ལམ་སྟོན་གནང་བཞིན་ཡོད་པའི་ཉམས་སྣང་ཞིག་བཅོས་མིན་དུ་སྐྱེས་ཡོང་སྟེ། དཔེ་ཀློག་འཐུས་ཤོར་དུ་འགྲོ་བའམ་སྒོ་གསུམ་བག་མེད་ཀྱི་དབང་དུ་ཤོར་དུས། ཨ་ཕ་ལགས་ཀྱིས་བསླབ་མྱོང་བའི་བྱ་སྤྱོད་དང་གདམས་མྱོང་བའི་ཞལ་ཆེམས་ནི་མཆོག་ཏུ་གྱུར་པའི་དྲན་ཤེས་ཀྱི་མན་ངག་ཅིག་ཏུ་འཁུམས་འདུག་པ་འདྲ། ཆེས་ཡིད་ཕངས་པ་ཞིག་ལ་ཨ་ཕ་ལགས་འཇིག་རྟེན་དུ་བཞུགས་དུས། ངས་ཨ་ཕ་ལགས་ཁྱེད་ཀྱིས་དཀའ་ལས་མྱངས་སོང་། ཨ་ཕ་ལགས་བཀའ་དྲིན་ཆེ་ཞེས་ཀྱང་ཞུ་མ་ཐུབ་པ་དེ་རེད། ད་ལྟ་མཚམས་མཚམས་སུ་ཨ་ཕ་ལགས་རྨི་ལམ་དུ་འཁོར་ཡོང་གིན་འདུག རྨི་ལམ་ལས་སད་དུས་སྔས་མགོ་མཆི་མས་བརླན་འདུག་པའི་སྐབས་ནི་མང་དུ་བདོག་གོ།

      ཨ་ཕ་དྲན་པའི་ན་ཟུག་ནི་མིག་ཆུས་མཚོན་མི་ཐུབ་ལ་ཡིག་འབྲུ་ཡིས་དེ་བས་ཀྱང་ངོ་།། དེ་རིང་གི་བརྙན་ཐུང་འདིས་ཕ་བུ་ཕན་ཚུན་བར་སེམས་པ་སེམས་ཀྱིས་འཇུས་པའི་ལོ་ཟླ་དེ་རུ་ཕྱིར་ཁྲིད་སོང་། འབྲི་མཚམས་འདིར་སླེབས་དུས་མིག་ཆུའི་ཐིགས་པ་རེ་རེ་མཁུར་ཚོས་བརྒྱུད་ནས་མཐེབ་གཞོང་དུ་ཟགས་བྱུང་།

  • ལེ་ཚན་སྔོན་མ།:སྟོན་མཇུག
  • ལེ་ཚན་རྗེས་མ།:ཆར་གདུགས་མེད་པའི་བྱིས་པ་ངེས་པར་དུ་འབད་པས་རྒྱུག་འོས།