ཐ་སྙད་འགའི་འགྲེལ་བཤད།

བཀའ་མ་ལོག        2011-07-07

ཐ་སྙད་འགའི་འགྲེལ་བཤད།

དེ་སྔོན་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་།དེའི་སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐབས་བོད་ས་གནས་ཀྱི་ཕྱོགས་བཞིར་མཐའ་སྲུང་དཔུང་སྡེ་བཞག་ཅིང་།བོད་དམག་ཁྲི་སྟོང་མང་པོས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་དེའི་ནོར་རྫས་རྣམས་བོད་དུ་དྲངས་ཏེ་ཕྱིར་ཕེབས་གནང་དུས་དཔའ་བོ་མི་དགུ་དང་དམག་མང་པོ་བཅས་ས་སྲུང་ལ་བཞག  སྐབས་དེར་ཁོ་ཚོས་ངེད་རྣམས་བོད་དུ་ནམ་ཕྱིར་ལོག་བྱེད་དགོས་སམ་ཞུས་པར།ངེད་ཀྱི་བཀའ་མ་བྱུང་བར་དུ་མ་ལོག་པར་སྡོད་ཅེས་གསུངས་པར་ཁོང་ཚོ་ཡུལ་དེར་གཞིས་ཆགས་པས་དཔའ་བོ་མི་དགུའི་རྒྱུད་པ་ལ་མིང་དེ་ལྟར་ཐོགས་པ་ཡིན།ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱི་ནང་བློན་སམ་གྷ་ཆིང་སང་ཟེར་བ་ཡང་བཀའ་མ་ལོག་གི་རྒྱུད་པ་ཡིན་ཞེས་བཤད་སྲོལ་ཡོད་པ་དང་།ས་སྐྱའི་ཡུལ་པོ་ཆེ་མི་གསུམ་དཔོན་ཆེན་ཤྰཀྱ་བཟང་པོ་དང་།དགེ་བཤེས་རིན་ཆེན་བརྩོན་འགྲུས།ཧོར་ཆེ་སྟོན་ཚུལ་བཅས་ཀྱི་ནང་ཚན།དགེ་བཤེས་རིན་ཆེན་བརྩོན་འགྲུས་ཀྱང་བཀའ་མ་ལོག་ཆེ་རྒྱུད།མཚོ་སྔོན་གྱི་སྐ་གསར་པ་དང་།བྱག་རོང་པ།ཅུ་དགུ་མེར་བཅས་ཡུལ་ཁམས་ཆེན་པོ་གསུམ་གྱི་བདག་པོ་ཡིན་པ་དེ་བྱུང་བ་དང་ཁོང་གིས་ཡུལ་སྡེ་རྣམས་སྤུན་མཆེད་ལ་འཛིན་དུ་བཅུག་ནས་ས་སྐྱར་ཕེབས།འགྲོ་མགོན་འཕགས་པ་རིན་པོ་ཆེ་སོག་ཡུལ་ནས་བབོད་དུ་ཐེངས་དང་པོ་ཕེབས་དུས་མཇལ་ཏེ་ས་སྐྱར་སློབ་གཉེར་གནང་བ་སོགས་ཀྱི་ལོ་རྒྱུས《རྒྱ་བོད་ཡིག་ཚང》སྟག་ཚང་རྫོང་པའི་ལོ་རྒྱུས་ཀྱི་སྐབས་སུ་གསལ་བས་དེར་གཟིགས།
རྒྱ་རིམ་པ་བདུན།རིག་པའི་གནས་གང་ཡང་རུང་བའི་གཞུང་གི་དོན་མི་འཁྲུག་པའི་ཆེད་དུ་གདབ་པའི་རྒྱ་བདུན་ཏེ།དོན་མི་འཁྲུག་པ་ཚེག་གི་རྒྱ་དང་།ཚིག་རྐང་མི་འཁྲུག་པ་ཤད་ཀྱི་རྒྱ།ཚིག་དོན་མི་འཁྲུག་པ་ལེའུའི་རྒྱ།ཤོ་ལོ་ཀ་མི་འཁྲུག་པ་བམ་པོའི་རྒྱ།བམ་པོ་མི་འཁྲུག་པ་བམ་པོའི་གྲངས་ཀྱི་རྒྱ།མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ།གླེགས་བམ་མི་འཁྲུག་པ་གདོང་ཡིག་གམ་སྤྱན་ཁྱེར་གྱི་རྒྱ་བཅས་སོ།། སྲོག་ལུས་དབང་ཐང་།ནག་རྩིས་ལས་བཤད་པའི་ལོ་རྒན་དྲུག་ཅུ་བོ་རེ་རེ་ལ་སྲོག་གི་ཁམས་དང་།ལུས་ཀྱི་ཁམས།དབང་ཐང་གི་ཁམས་རེ་ཡོད་པས་ཕན་ཚུན་མཐུན་མི་མཐུན་བརྟག་པའོ།།དཔེར་ན།དེ་ནས་རྒྱ་ནག་ས་གླང་ནི།བརྟག་པའི་རྩིས་ཀྱི་ཆོ་ག་ལ།དེ་ནས་གླང་གི་མདོག་བསྟན་པ།གང་བརྩིའི་གནམ་ལོའི་དབང་ཐང་མགོ།།
སྲོག་གི་ཁམས་ཀྱི་ལུས་པོ་སྟེ།གནམ་ལོའི་ལུས་ཁམས་ཕོ་བའོ།ཞེས་པ་ལྟ་བུ།། གབ་པ་མངོན་བྱུང་།དགོངས་པ་བཀྲོལ་བའམ་སྦས་དོན་གསལ་བར་བཤད་པ་སྟེ།སྲོང་བཙན་སྒམ་པོས་རང་གི་ཚ་བོ་མང་སྲོག་མང་བཙན་ལ་གནང་བའི་ཞལ་གདམས་ཀྱི་མིང་།།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)

ཐ་སྙད་འགའི་འགྲེལ་བཤད།

  • ལེ་ཚན་སྔོན་མ།:རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།
  • ལེ་ཚན་རྗེས་མ།:བོད་ཡིག་ཐ་སྙད་གསར་པ་བཀས་བཅད་སྤྱི་བསྒྲགས།(བསྡོམས་འདོན་ཐེངས་46པ།)