འཆར་སྒོ་མཐའ་ཡས་པ།

ཇེང་།        2021-01-08

མཚན་མོ་ཆང་དང་གླུ་གཞས་རོལ་བ་ཀྱེ། །

སྣང་བའི་ཁམས་དེ་དབྱངས་ཀྱི་ངག་ལ་ཆགས། །

སྙན་པའི་སྙན་པ་མགྲིན་པའི་གདངས་ལས་འཁྲོལ། །

ལངས་སྤྱོད་སྣ་ཚོགས་རྡེབ་པའི་མཚན་གཞུང་སྒུལ། །

མཆུ་སྒྲོས་པད་མས་སྙན་ངག་སྒོ་གླེགས་རྡུང་། །

དབྱངས་ཀྱི་འཕགས་མས་མེ་ཏོག་ལན་མང་བཞད། །

ལོ་དང་ཟླ་བ་གཙང་བོའི་རླབས་ཀྱིས་བཞུར། །

རེ་སྒུག་འཐོར་རླུང་ལྡང་བའི་མཚན་ཡུགས་དེ། །

ང་ཡི་འཁྲིས་སུ་གཙང་བོའི་རླབས་རིས་གཡོ། །

ཡི་གར་ཟུག་པའི་འཛུམ་མདངས་མཁུར་ཚོས་གན།།

མེ་ཏོག་ཞལ་གྱི་ཐང་ནས་དྲི་བསུང་འཐུལ། །

མཚན་གཞུང་ལྷག་པར་ཞབས་བྲོ་ལྡེམ་ལྡེམ་རྩེ། །

ལུས་ངག་ཡིད་ཀྱི་ཞེན་ཆགས་ཡི་གེར་སྦྲུམ། །

སེམས་སོང་ངག་སྒྲོས་བཏབ་པའི་རྟ་ཕོ་དེ། །

འཆར་སྣང་ཚེ་རབས་ལས་ཀྱི་འཚོ་བ་བྲིས། །

ས་སྲོད་རྨི་ལམ་གམ་གྱི་གྲིབ་གཟུགས་དེ། །

དྲན་པ་རི་ལུང་ཤོར་བའི་སྨྲེང་གཞས་ཡིན། །

ཡིད་འཛིན་མེ་ལོང་ངོས་ཀྱི་གྲུ་གཟིངས་ཡིན། །

  • ལེ་ཚན་སྔོན་མ།:འཁོར་བར་མི་སྐྱོ་བའི་སྙན་ངག
  • ལེ་ཚན་རྗེས་མ།:ཁ་སང་གི་འཇིག་རྟེན།