བོད་ཡིག་དབུ་ཅན་འབྲི་ཚུལ་གྱི་རྣམ་བཞག

སྨོན་ལམ་རྒྱ་མཚོ།        2011-07-07

སྤྱི་ལོའི་དུས་རབས་བདུན་པའི་སྟོད་ཙ་ན།ཐོན་མི་སམ་བྷོ་ཊ་རྒྱ་གར་ནས་ཕྱིར་བོད་དུ་ཕེབས་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་ཕོ་བྲང་སྐུ་མཁར་མ་རུར(དེང་སང་ཕ་བོརང་ཁ་ཟེར་ལྷ་སའི་གཙུག་ལག་ཁང་གི་བྱང་ངོས་སུ་སྤྱི་ལེ་གསུམ་ཡས་མས་སུ་གནས)རྒྱ་གར་གྱི་ཡི་གེ་ལཉྫ་དང་།ཝརྟུར་དཔེར་བལྟ་ས་དང་།དཔྱོད་པའི་གཞི་བྱས་ནས་ཡི་གེ་དེ་དག་དང་མི་འདྲ་བར་འབྲི་བདེ་ཞིང་།མིག་ལ་མཛེས་པ།གཟུགས་ཀྱི་ཆ་ཚང་བར་ཐོན་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་པ་ཞིག་གསར་སྐྲུན་མཛད།དེའི་ཡིག་གཟུགས་ཀྱི་དབྱིབས་ལ་བལྟས་ནས་དེ་ལ་མགྱོགས་དཀར་མོ་གནམ་དུ་མཆོངས་འདྲ་ཞེས་ཟེར་བ་ཁྱུང་བོ་གཡུ་ཁྲིའི་གསུང་དུ་བཞུགས།གཞན་དུ་ཐོན་མིས་བོད་ཡིག་གི་སྲོལ་ཐོག་མར་ཕྱེ་ནས་བྲིས་པ་ལ་སྦལ་ནག་ན་ལ་བགྲད་འདྲ་ཞེས་པར་གྲགས་ཞེས་ཀྱང་བཀོད།དེའི་རྗེས་སུ་སྲོང་བཙན་གྱི་སྲས་མང་སྲོང་མང་བཙན་གྱི་དུས་སུ་ཡིག་མཁན་ཆ་ངར་རིན་ཆེན་འབར་ཞེས་པས་བྲིས་པ་ལ་སོ་ཕག་གཤིབ་འདྲ་དང་།དེའི་རྗེས་མང་སྲོང་གི་སྲས་འདུས་སྲོང་མང་པོ་རྗེའི་དུས་སུ་ཡིག་མཁན་ཆབ་དཀར་བེའུ་ཚེ་ཟེར་བས་བྲིས་པ་ལ་བྱ་ཕོ་འཇོལ་འདྲ།དེའི་རྗེས་འདུས་སྲོང་གི་སྲས་མེས་ཨག་ཚོམ་གྱི་དུས་སུ་ཡིག་མཁན་དགེ་བསྙེན་དཀོན་མཆོག་དབང་ཟེར་བས་བྲིས་པ་ལ་ནས་སྔོན་ཕྱིང་དཀར་གྱི་སྟེང་དུ་བཀྲམ་འདྲ།དེའི་རྗེས་མེས་ཨག་ཚོམ་གྱི་སྲས་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡིག་མཁན་བྷེ་ཤོ་ཁྲམ་ཟེར་བས་བསམ་ཡས་ཀྱི་རྡོ་རིང་ལ་མ་དཔེར་བྲིས་པར་མུ་ཏིག་བསྟར་ལ་བརྒྱུས་འདྲ།དེའི་རྗེས་སུ་ཁྲི་སྲོང་གི་སྲས་མུ་ནེ་བཙན་པོའི་དུས་སུ་ཡིག་མཁན་ཚེ་སྤོང་བྱང་ཆུབ་ཟེར་བས་བྲིས་པ་ལ་སྦུར་ནག་བགྲད་འདྲ་ཞེས་སྨད་པའི་གནས་སུ་བྱེད་པ་ཞིག་བྱུང་།དེའི་རྗེས་མུ་ནེ་བཙན་པོའི་གཅུང་མུ་ཏིག་བཙན་པོའི་དུས་སུ་འབྲེ་བ་ཡོན་ཏན་ཟེར་བས་བྲིས་པ་ལ་ཉ་མོ་ཆུ་ནང་ནས་ཕྱུངས་འདྲ།དེའི་རྗེས་སུ་མུ་ཏིག་བཙན་པོའི་སྲས་ཁྲི་ལྡེ་སྲོང་བཙན་རལ་བ་ཅན་གྱི་དུས་སུ་ཡིག་མཁན་གྲ་ཤོད་རྣམ་གཉིས་ཀྱིས་བྲིས་པ་ལ་སེང་གེ་གནམ་དུ་མཆོངས་འདྲ་ཞེས་གྲགས།འདི་དག་ནི་བསྟན་པ་སྔ་དར(སྤྱི་ལོ901ཡན)དུས་ཀྱི་ཡིག་མཁན་གྲགས་ཅན་རྣམས་སོ།།བསྟན་པ་ཕྱི་དར་(ཚལ་བའི་དེབ་དམར་གྱི་མཆན་འགྲེལ་ལྟར་ན་སྤྱི་ལོ978)གྱི་དུས་སུ་ཡིག་མཁན་སྒྲོ་གཉན་ཁྲི་ཞེས་བྱ་བས་གྲ་ཤོད་ཀྱི་རྡོ་རིང་ལ་གཞི་བྱས་ཏེ་བར་གསར་ཟེར་བའི་ཡི་གེ་བྲིས།ཇོ་བོ་རྗེ་བོད་དུ་ཕེབས་སྐབས་ཡིག་མཁན་ཤྰཀྱ་རྡོ་རྗེ་ཟེར་བ་བྱུང་།དེའི་རྗེས་ཀ་ཁྱུང་རྣམ་གཉིས་ཞེས་པའི་ཡིག་མཁན་མཁས་པ་བྱུང་ལ།ཁྱད་པར་ལོ་ཙྰ་པ་ཆེན་པོ་སྐ་བ་དཔལ་བརྩེགས་ལུགས་ཀྱི་དབུ་ཅན་ཡིག་གཟུགས་ལ་ཁྱུང་བོ་གཡུ་ཁྲི་བྱ་བས་དཀྱིལ་འཁོར་གྱི་ཆ་ཚད་ལ་དཔེ་བླངས་ནས་ཆ་ཆེན་ཆ་ཆུང་དུ་བགོས་ཏེ་ཐིག་རིས་སུ་བཏབ་པའི་བར་དུ་དབུ་ཅན་གྱི་གཟུགས་ལ་བྱེ་བྲག་གི་འགྱུར་བ་སྔ་ཕྱི་དགུ་ཙམ་བྱུང་ཚུལ་གོང་དུ་སྨྲས་མ་ཐག་པ་ལྟར་རོ།།
གཡུ་ཁྲིས་ཆ་ཚད་ཐིག་ཁོངས་སུ་འབྲི་བའི་སྲོལ་ཕྱེ་བ་དང་།ཤིང་དཔར་བརྐོ་བ་སོགས་རིམ་གྱིས་དར་བ་ནས་ད་ལྟའི་བར་དུ་དབུ་ཅན་ཡིག་གཟུགས་ལ་ལུས་བྱིངས་ཀྱི་འགྱུར་བ་མ་བྱུང་བར་མངོན་ལ།གཟུགས་དངོས་ཇི་ལྟར་འབྲི་བའི་ལག་ལེན་དང་།དབྱེ་བ་སོ་སོའི་མིང་།ཆ་ཆེ་ཆུང་གི་ཐིག་དང་ཕྲ་སྦོམ་སོགས་ཁྱུང་བོ་གཡུ་ཁྲིའི་ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེར་བཀོད་པ་དང་།གཡའ་སེལ་དུ་གསུངས་པ།ལག་ལེན་གྱི་རྒྱུན་བཅས་ཁོག་བསྒྲིགས་ཏེ་འདིར་འཆད་པ་ལ།དེ་ཡང་དང་པོར།གཅེས་པ་བརྒྱད་དང་འདོན་པ་བཅུ།མ་ཆོས་ཉེར་གཅིག་བུ་ཆོས་དྲུག སྤྱི་ཆོས་གསུམ་ཞེས་དབྱེ་བ་གནང་།གཅེས་པ་བརྒྱད་ནི།སྣག་ལམ་ཟླུམ་ལ་སྒྲོས་ཆགས་གཅེས།གཅིག་པུར་སྐྱེས་ལ་དཔུང་ཐུང་གཅེས།གདགས་པ་ཅན་ལ་ཟུར་ཐིག་གཅེས།སྟོད་ཕུབས་ཅན་ལ་ཕོ་བ་གཅེས།སྨད་ཕུབས་ཅན་ལ་ཁོང་འདྲེན་གཅེས།རྐང་བ་རྟར་ཞོན་ཕྱི་འབྲང་གཅེས།ཡར་འཕུལ་མཐར་རྒྱས་སྒྲོས་གནོན་གཅེས།ཡར་འཕུལ་མཐར་རྒྱས་སྒྲོས་གནོན་གཅེས།མིག་ཅན་དག་ལ་སྐེ་གཙང་གཅེས།འདོན་པ་བཅུ་ནི།བཟང་མགོ་ལ་འདོན།མཁྲང་དཔུང་བ་ལ་འདོན།སྒྲོས་སྦོ་ལྟེམས་ལ་འདོན།དྲང་མར་འཐེན་ལ་འདོན།སྤྱང་ཁོག་པ་ལ་འདོན།དྲང་མར་འཐེན་ལ་འདོན།སྤྱང་ཁོག་པ་ལ་འདོན།ཧྲོམ་སྣག་སྣ་ལ་འདོན།ཧུར་མིག་འདྲིལ་ལ་འདོན།གཡེར་ཡར་འཕུལ་ལ་འདོན།ཡང་ཡ་བཏགས་ལ་འདོན།གྲུང་ཟགས་མཆུ་ལ་འདོན།མ་ཆོས་ཉེར་གཅིག་ནི།མགོ་རབ་ཐག་ཟླུམ་གྲིས་བཅད་འདྲ།འབྲིང་ཀ་གཞུ་ཐ་མ་ཚག་མགོ་སྟེ་གསུམ།དཔུང་རབ་ཐུགས་ཀར་རྡོར་འཛིན་འདྲ།འབྲིང་མདའ་འཕེན།ཐ་མ་ལག་ཆག་འཕྲེད་ཉལ་ཏེ་གསུམ།སྦོ་རབ་སྒྲོས་ཆགས་གྲི་ལྟག་འདྲ།འབྲིང་སྤུ་ཉག་སྒྲིམ་འདྲ།ཐ་མ་གྲོག་སྐེད་འདྲ་བ་སྟེ་གསུམ།ཟགས་མཆུ་རབ་གསེགས་སྦྱོར་ཐུང་རྣོ།འབྲིང་དགྱེའོ་ཕག་སྣ།ཐ་མ་སྒུར་བོ་གླང་སྣ་སྟེ་གསུམ།ཡར་འཐེན་རབ་རྒྱ་ཁབ་བསླངས་འདྲ།འབྲིང་རྔ་དབྱུག་འཕྱུར་འདྲ།ཐ་མ་ལག་མགོ་བཅད་འདྲ་སྟེ་གསུམ།མར་འཐེན་རབ་སྒོ་ལྕགས་རྐང་འདྲ།འབྲིང་ཁྱི་གུའི་མཇུག་འདྲ།ཐ་མ་འབུ་མཇུག་སྦྲང་རྐང་འདྲ་བ་སྟེ་གསུམ།མིག་རབ་ཉ་མིག འབྲིང་ནས་འདྲ།ཐ་མ་ཟུར་གསུམ་ཁྲོ་མིག་སྟེ་གསུམ་བཅས་ཉེར་གཅིག་གོ །བུ་ཆོས་བཅུ་དྲུག་ནི།གཉིས་ཆོད་འཛུམ་ལ་མཐོ་དམན་མེད་པ་ན་རོའི་ཆོས་གསུམ།གསེགས་ཀྱིས་གཞོལ་བ་སྟོད་སྨད་ཕྱེད་པ་སྟེ་འགྲེང་བུའི་གཉིས།ཟླུམ་འདྲིལ་འཁྱུག་པ་སྟེ་གི་གུའི་གསུམ།གདགས་པ་ཅན།གདན་ཐབས་བརྐྱང་བ།མདུང་ཚུགས་སུམ་སྦྲེལ་ལྡན་པ་སྟེ་ཞབས་ཀྱུའི་གསུམ།རྟ་སྦྲེལ་འཕངས་མ་བསྐྱིལ་བ་སྟེ་ར་སྟའི་གཉིས།འཁྱུག་སྙོམས་འདེགས་ལ་དཀྱིལ་ཡངས་ཏེ་ཡ་བཏགས་ཀྱི་གསུམ་སྟེ་བཅུ་དྲུག་གོ གཟུགས་དཀྱུས་སུ་མ་གོལ་བ།དཀྱུས་ཉིད་ཚང་ནས་མ་ཡར་བ།གཟུགས་དཀྱུས་འདྲེས་ལ་ཤན་ཕྱེད་པ་སྟེ་སྤྱི་ཆོས་གསུམ་མོ།དེ་ཡང་ཐིག་སྒྲོམ་གྲུ་བཞི་ལག་ལེན་ལྟར་བཙལ་ལ།ཕུབས་དང་དཔུང་བ་ཆ་གཅིག ཟགས་མཆུ་ཆ་གཉིས།ཆ་གསུམ་རྐང་བ་སྟེ་ང་ཅ་ཆ་འ་ར་དང་།ཐ་པ་ཕ་བ་མ་ཙ་ཚ་ཝ་ཟ་ཡ་ལ་ས་ཨ་བཅས་བཅོ་བརྒྱད་པོ་རིང་བ་སྐྱོན།ཇ་དང་ཛ་གཉིས་ཅུང་ཟད་རིང་།ཉ་ཏ་ད་ན་ཞ་ཧ་བཅས་དྲུག་པོ་རྐང་འབྲིང་སྟེ་རིང་ཐུང་གཉིས་ཀ་སྐྱོན།ཀ་ག་ཤ་གསུམ་རྐང་རིང་སྟེ་ཐུབ་བ་སྐྱོན་ཡིན་ལ་ཕྱི་རྐང་ཅན་གསུམ་ཡང་ཟེར།ཁའི་ལག་པ་ཀ་རྐང་སུམ་གཉིས་བསྙེགས་པ་སྟེ་མགོ་ཡི་ཕྱེད་དང་གཉིས་སོ།མགོ་རིང་ཀ་ཁ་ག་ཇ་ཛ་ལྔ་ལ་ཁམ་ལྔའི་ཚད།མགོ་འབྲིང་ང་ཅ་ཆ་ཏ་ཐ་ད་ན་བ་ཙ་ཚ་ཞ་ཟ་ར་ཧ་བཅས་བཅུ་བཞི་ལ་ཁམ་བཞིའི་ཚད།མགོ་ཐུང་པ་ཕ་མ་ཡ་ཤ་ས་ལ་བཅས་བདུན་ལ་ཁམ་གསུམ་གྱི་ཚད།ཝ་ཕུབས་མགོ་ཐུང་།ཉ་འ་ལ་མགོ་ཟུར་གསེག་ཁམ་གསུམ་ཚད་སོགས་ཡིག་འབྲུ་རེ་རེའི་ཡན་ལག་ཕྲ་ཞིབ་ཡིག་གཟུགས་ཀྱི་བསྟན་བཅོས་སུ་བཀོད་པ་ལྟར་རོ།།འདིར་སྡོམ་ཙམ་བྲིས་པ་ལས་གཟུགས་ཀྱི་ཡན་ལག་ཚང་བ་ལག་ལེན་གྱི་ཉམས་མྱོང་དངོས་ལས་རྟོགས་དགོས་སོ།།
གཉིས་པ།སྨྱུ་གུ་བཟོ་ཚུལ་ནི།མཐེབ་མཛུབ་ཚད་སྦྱར་འགྲིམས་བདེར་བཞོག  །རྩེ་སོར་ཕྱེད་གཉིས་གཞལ་བའི་སར།སུམ་གཉིས་རྫིང་ལ་སུམ་གཅིག་མཆུ།གཟོབ་འདོད་གས་ཆུང་མགྱོགས་འདོད་ཚེ།རྫིང་མའི་ཡུར་བ་ཅུང་ཟད་རིང་།།རྫིང་མཆུ་ཧ་ཅང་མི་རིང་པ།བཅད་ཁ་གྱེན་གསེག་རིམ་གཅོད་བྱ།།ཡི་གེ་དངོས་སུ་བྲི་བའི་ཚེ།།ལག་གཡས་བརྐྱང་བསྐུམ་ལྷོད་གསུམ་འཚམ།།ལོ་ན་སྨིན་པའི་མིར་མཚོན་ན།།ལག་པ་གཡས་པའི་སྤར་ཁྱིམ་དུ།།ཕུག་རོན་སྒོ་ང་ཆུད་ཙམ་གྱི།།ཁོང་སྟོང་བྱས་པའི་སོར་མོ་ཡི།།མས་མ་གསུམ་གྱི་བསྐུམ་ཚད་རན།།རྩ་ཁམས་རང་རྣལ་འབབ་པས་བཟང་།བྲི་གཞི་རང་གི་ནུ་གཡས་ཐད།།བཞག་སྟེ་ལུས་སྟོད་དྲང་བོའི་ངང་།།བྲིས་ན་ཡིག་གཟུགས་ཀྲོང་ལ་ཕན།།མཇིང་ཚིགས་སོག་སྲུབས་མི་ནར་ཕན།།སྨྱུག་ཐོགས་དབང་བོ་དག་གིས་གསུངས།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:ཡིག་གཟུགས་འདེམས་བཀོད།
  • ལེ་ཚན་རྗེས་མ།:མཁན་ཉི་མ་བསྟན་འཛིན་གྱི་ཡིག་གཟུགས།
  • རྩོམ་གསར། 10