ཝེ། ཁྱོད་ཀྱིས་བརྩེ་དུང་གི་ཡང་སྙིང་ག་རེ་ཞིག་ལ་སྐད་དམ།

ངག་སངས།        2020-12-30

ཁྱོད་རང་ཆུང་དུས་ནས་ཁེར་རྐྱང་ཡིན་ཞིང་ཐོབ་ཆོག་ཆོག་གི་ཆེས་ཐོག་མའི་བརྩེ་དུངས་རྣམ་དག་དེ་མྱོང་རོལ་བྱེད་མ་ནུས། ཁྱོད་རང་ཆུང་དུས་ནས་སྐྱོ་གདུང་ཡོད་ཀྱང་དྲུངས་ནས་མ་ཤེས་པར་ནར་སོན། དེ་དུས་ཁྱོད་རང་ལོ་ན་ཆུང་ཆུང་ཡིན་ཞིང་མེ་ཏོག་འཐུ་རྒྱུར་ཤིན་ཏུ་སྐྲག ཁྱོད་ཀྱིས་ཕྱི་རོལ་གྱི་ཕྱི་རོལ་ལ་ཉམས་འཇོག་ཕྲན་ཙམ་ཡང་མ་བྱས་པར་ཕྱི་རོལ་ནས་རྩེད་རྡོ་བསྒྲིགས་ཤིང་། སྣབས་དྲུད་དེ་ཉི་མ་རི་རྒྱབ་ཏུ་མ་ནུབ་ན་ཅི་མ་རུང་སྙམ་པར་ཉི་འོད་ཀྱི་སྡིངས་སུ་ལག་ཟུང་བསྲིངས་ནས། ཨ་ཆུ་ཆུ་ཞེས་བསྙད་པར་བསྲོས། དེ་དུས་ཁྱོད་རང་ཉི་འོད་ལ་དགའ་ཚུལ་མི་ཤེས་ཤིང་ཉི་འོད་ནི་ཉི་འོད་ཡིན་པའང་མི་ཤེས།

དེ་ལྟར་ལོ་ཟླའི་བང་ཁ་ནས་ཆུང་འདྲིས་ཀྱི་རྩེད་རོགས་དང་མཉམ་དུ་བྲ་ཆལ་བགྱིས་ཤིང་། ཁོད་ཡངས་པའི་རྩྭ་ཐང་སྟེང་ནས་ནོར་གནག་གི་རྨིག་རྗེས་དེད། ལོ་ན་བརྒྱད་པའི་དུས་ཀྱི(བརྒྱད་པ་ཁ་ཆག)རྫི་བོའི་དཔོན་པོ་བྱས་ཤིང་། ཉི་ནུབ་ཀྱི་མཚམས་སྤྲིན་ལ་རྒྱང་རིང་ནས་བལྟས། ཉི་ནུབ་ཀྱི་མཚམས་སྤྲིན་ལ་རྒྱང་རིང་ནས་བལྟས་པ་ཙམ་ལས། མཚམས་སྤྲིན་གྱི་མདངས་སུ་བཀྲ་བའི་གཟི་འོད་ལ་བལྟ་མ་ཤེས་ཤིག་ཨང་། དེ་དུས་རྩེད་མོ་རྩེ་རྒྱུ་ཁོ་ན་ལས་བསམ་རྒྱུ་དྲན་རྒྱུ་གཞན་མ་ཡོད་དེ་ཉི་མ་རི་རྒྱབ་ཏུ་ནུབ་རག་བར་ཕྱིར་རང་ཁྱིམ་དང་བྲལ། ལུང་ཕུགས་དང་ལུང་མདོ་བྲག་ལྟེམ་དང་བྲག་འོག་ཏུ་ཆུང་དུས་ཀྱི་རེ་འདུན་སླ་མོ་ཁོ་ནས་བསྐྱེད་པའི་རྩེད་ར་རྫོགས་མཐའ་མེད་པ་ཞིག རང་གི་འདོད་པ་ལྟར་ཆུང་བྱིས་པའི་དུས་ཀྱི་རྨི་ལམ་རིང་མོའི་འགྱུར་བག་ཁྲོད་དུ་བཞེངས་བསྐྲུན་བགྱིས། ངལ་བ་དང་ཞེན་ལོག་མེད་པར་ཆུང་དུས་ཀྱི་ཉིན་མོ་དག་ཁང་ལྟག་གི་སྤང་ལེབ་ཏུ་རྩེད་རྡོ་བསྒྲིགས་པ་ལྟར་རྩེད་མོའི་ཕྱིར་ཁོ་ནར་ཕུད། དེ་དག་ལོ་ཟླའི་རྔམ་ཁ་རུ་གློག་འཁྱུག་པ་ལྟར་སྐྱོ་གདུང་ཡོད་ཀྱང་སྐྱོ་གདུང་མྱངས་མ་ཤེས་པའི་ཆུང་དུས་ཀྱི་སེམས་པ་གཉོམ་པོ་གཉོམ་པོ་ཡི་ཁུད་ནས་རྡོག་འོག་གི་ལམ་ཕྲན་དེ་དང་རིངས་བོར་གྱེས།

མགོ་ཐོག་གི་ནམ་མཁར་རྒྱུ་བའི་སྤྲིན་པ་དཀར་ནག་གི་གསེབ་ནས་དུས་དུས་སུ་ཆར་འབབ་པ་དང་དུས་དུས་སུ་གློག་འཁྱུག་པའི་འཇིགས་དངངས་ཀྱིས་བསྣུན་དུས། ཁྱོད་རང་ནར་སོན་ཡོད་པ་འདྲ་ལ་མེད་པ་ཡང་འདྲ། དེ་དུས་ཁྱོད་རང་གིས་སྒེའུ་འགྲམ་ནས་ནམ་མཁར་ཅེར་ཏེ། དཀོན་ཅོག་གསུམ་པོ་མཁྱེན་ཞེས་སྐྱབས་བཅོལ་ངང་ནམ་མཁའི་མཚམས་སུ་འགྲེང་བའི་ཕ་ཡུལ་དྲན་པར་བགྱིས་ལ། ཕ་ཡུལ་གྱི་པང་དུ་བལྟམས་ཤིང་འཁོར་བའི་སྐྱིད་སྡུག་གི་སྲུབས་ཀ་ཉིན་སྲིབ་ནས་གསུབ་ཀྱིན་པའི་ཕ་མ་ཟུང་དྲན། དེ་འཕྲལ་ལྡོག་ཏུ་མེད་པའི་ལས་དབང་གི་བཀའ་ཆད་ལྗིད་མོ་ལྗིད་མོ་ཞིག་དྲན་པར་བགྱིས། ལྡོག་ཏུ་མེད་པའི་ལས་དབང་གི་བཀའ་ཆད་ལྗིད་མོ་ལྗིད་མོ་དེ་བསོད་ནམས་ཀྱི་སྐྱེ་རྟེན་ཕུན་ཚོགས་བླ་ན་མེད་པ་དེ་ཡི་མི་ཚེའི་མཇུག་བསྡོགས་སུ་མི་ཐེག་རང་ཐག་ཏུ་གྱུར།

ནར་སོན་ཡོད་ཡོད་འདྲ་བའི་ཁྱོད་ཀྱིས་སེམས་ཀྱི་ཟབ་སར་ཤིན་ཏུ་འཁྱགས་པའི་ལྕགས་རྡོ་ཞིག་བྲང་གཞུང་དུ་བཅུག་ཡོད་པ་འདྲ་བའི་སྐྱོ་སྣང་གི་གདུང་ཤུགས་ཤིག་དང་བཅས། སྨྲ་བ་མེད་པར་ཁེར་ཧྲེང་གི་སེམས་པའི་གཏིང་རིམ་ནས་མི་སློག་པར་ཉར། དེ་ནི་ཁྱོད་ཀྱི་འདོད་འདུན་དུ་བཟུང་ཡོད་ལ་ཉིད་ཀྱི་གཤིས་ལུགས་ཤིག་ཏུ་གྲུབ་ཀྱང་ཡོད། དེ་ནི་ཁྱོད་ཁོ་ནར་ཐོབ་ཆོག་ཆོག་གི་ན་ཆུང་དུས་ཀྱི་བརྩེ་དུངས་མྱོང་རོལ་བྱེད་མ་ནུས་པས་ཡིན། ཡང་ན་ཁྱོད་ལ་སྐྱོ་གདུང་ཡོད་ཀྱང་སྐྱོ་གདུང་དྲུངས་ནས་མ་ཤེས་པར་ནར་སོན་པས་ཡིན། ཁྱོད་ཀྱིས་ད་དུང་ཡིན་ན་ཉིད་ཁོ་ནར་ཐོབ་ཆོག་ཆོག་གི་ན་ཆུང་དུས་ཀྱི་བརྩེ་དུངས་རྣམ་དག་དེའི་ཡང་སྙིང་ག་རེ་ཡིན་པར། ཉིན་མཚན་གྱིས་ཆོད་པའི་ཉི་ཟླ་ཟུང་འབྲེལ་ལྟ་བུའི་ཕ་མ་གཉིས་ཀྱི་འཚོ་བའི་ལྟག་རྒྱབ་ནས་འདྲི་བར་མོས་ཤིང་ཁོ་བོའི་སྐྱེ་རྟེན་རྗེས་མ་སླར་ཡར་ཁྱེད་གཉིས་ཀྱིས་གནོངས་དང་། དེ་དུས་རང་ལ་ཐོབ་ཆོག་ཆོག་གི་ན་ཆུང་དུས་ཀྱི་བརྩེ་དུང་ཞིག་བསྩལ་རོགས་གྱིས་ཞེས་སྨྲ་བར་མཆིས་ཤིང་། ལས་ཀྱིས་བསྐོས་པའི་ཐོད་པའི་ཨ་ཡིག་ལ་འདང་རྒྱག་མི་ཕོད་པར་ཉི་ནུབ་ཀྱི་དུར་ས་དེ་རུ་རྔོན་པའི་བོའུ་མིག་གི་རི་དྭགས་ཤིག་ལྟར་མདུན་ཐད་ཀྱི་ནགས་ཚལ་ཀླུང་དུ་ཡིབ་དགོས་ཐུག

དེ་དུས་ཁྱོད་རང་ནར་སོན་ཡོད་ལ་བསམ་ཡང་ཤེས་ཡོད་པ་འདྲ་ཨང་། བསམ་འདུན་གྱི་རྨི་ལམ་སྐྱ་བོ་ཞིག་ཐག་ཉེ་རིང་གི་སྐྱེ་འཆིའི་སྒོ་འགྲམ་དུ་ཐལ་བ་སྤོངས་པ་བཞིན། རླུང་གིས་གནམ་སྔོན་པོའི་དབྱིངས་སུ་ཨེ་འཚུབ་པར་རླུང་གི་ལྡང་ཕྱོགས་ལ་དབང་ཚོར་གྱིས་ཉམས་འཇོག་པར་ལོབས། དེ་དུས་ཁྱོད་རང་སྐྱོ་གདུང་གིས་གཟིར་ལ་སྐྱོ་གདུང་ནི་བཟོད་མི་ཐུབ་པའི་ཚ་གཟེར་དཔག་མེད་ཅིག་དང་། བསྡུར་ན་ཡང་ལྡབ་འགྱུར་གྱི་སྣང་ཚུལ་ལས་འདའ་བའི་ཚོད་དུ་སླེབས་ཤིང་། བརྩེ་དུང་གི་ཡང་སྙིང་འཐོབ་ཕྱིར། འཚོ་བ་ནི་ཤྭ་ཕོ་ཁེར་ཧྲེང་ཞིག་གིས་སྐྱོ་གདུང་ཁུར་ཡོད་པའི་སྣང་ཚུལ་ལས་མ་འདས།

དངོས་གནས་ལོ་ཟླའི་འགྱུར་བག་ཁྲོད་ཀྱི་ཁྱོད་ཉིད། ག་ལེར་དུས་ཚོད་ཀྱི་བདའ་རྩེ་ནས་རང་འཆི་མོས་པར་བརྩེ་དུང་གིས་བསྐྱངས་པའི་ལང་ཚོ་གསར་བ་ཞིག་ཏུ་སྨོན་པ་སྐྱེས་ཤིང་། ཚེ་ལན་ད་རེས་ཀྱི་མི་ཚེའི་མཇུག་བསྡོགས་རིངས་མོར་རི་རྒྱབ་ཏུ་ཉི་འོད་ནུབ་པ་ལྟར་རྒྱང་དུ་ཡིབ་པ་དང་། ཡང་བསྐྱར་ཤར་ཕྱོགས་རི་བོའི་རྩེ་ནས་དལ་གྱིས་འཕགས་པར་འགྱུར་བའི་ངང་ཚུལ་དེ་ལས་ལྡོག་ཏུ་མེད་པ་ལྟར། དོ་ཞག་གི་ལོ་ཟླའི་འགྲོས་མཚམས་སུ་བསླེབས། དོ་ཞག་གི་འགྲོས་མཚམས་བསླེབས་དུས། བསམ་དབང་དྲན་དབང་མེད་པར་འཇིག་རྟེན་གྱི་འཚོ་བའི་ཡང་སྙིང་དོར་བའི་མེ་ཏོག་སྐྱེས་སུ་ཕུལ་ཞིང་། བརྩེ་དུང་དངུལ་ལོར་ལྟར་སྤྱོད་པའི་དོ་ཞག་གི་ལྗོངས་སམ་གྲོང་རྡལ་དུ་འཚོ་སྡོད་བྱེད་དུ་བཅུག མི་འདོད་བཞིན་དུ་ག་ལེར་ལོབས་ཀི་བཅུག ལོ་ཟླའི་འགྱུར་ལྡོག་གིས་གཙེས་པའི་ཁྱོད་རང་རྒས་འཁོགས་སུ་བཏང་བར་བཅུག

ཁྱོད་ཀྱིས་ལས་འཕྲོའི་དབྱར་གཞུང་དེར་སེམས་འདུན་གྱི་རྟ་ཕོ་བརྟད་དེ་ན་ཆུང་དུས་སུ་འཐུ་བར་དངངས་པའི་མེ་ཏོག་གི་ཡུ་བ་བཅད་ནས་རང་གི་སྙིང་གར་ཚད་དེ། ཝེ། ཁྱོད་ཀྱིས་བརྩེ་དུངས་ཀྱི་ཡང་སྙིང་ག་རེ་ཞིག་ལ་སྐད་དམ་ཞེས་བསྙད་པར། ཚིག་གི་རྟིང་མ་ངག་མ་འཁྲོལ་བར་བསྐྱུར་ནས་ཕར་རྒྱབ་ཀྱི་ལོ་ཟླ་དེའི་རྗེས་སུ་བསྙེགས།

  • ལེ་ཚན་སྔོན་མ།:ཚེ་རིང་སྒྲོལ་དཀར།
  • ལེ་ཚན་རྗེས་མ།:ཤོག་བྱ།