རང་གི་བུ་ཕྲུག་ལ་སློབ་གསོ་ལེགས་པོ་གཏོང་རྒྱུ་ནི་ཁྱེད་རང་གི་ཆེས་གལ་ཆེ་བའི་ལས་དོན་ཞིག་ཡིན།

ཡུས་ཧོང་མིང་གིས་བརྩམས།ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།        2020-12-28

དང་པོ། དགེ་རྒན་ཁོ་ནས་ཁྱོད་ཀྱི་བུ་ཕྲུག་ལ་མི་གཤིས་ཡག་པོ་ཞིག་ཆགས་རྒྱུའི་འགན་ཁུར་མི་ནུས།

མི་ཞིག་གི་རྒྱུགས་འབྲས་ནི་བཟང་ནའང་རུང་ལ་ངན་ཡང་ཆོག་མོད། མི་གཤིས་ནི་ཆེས་གལ་ཆེན་ནང་གི་འགངས་ཆེན་དེ་ཡིན་ལ། ཀུན་སྤྱོད་གཙང་མས་འཇོན་ནུས་ཐད་ཀྱི་ཞན་ཆར་ལྷན་པོ་རྒྱག་ཐུབ་པ་ལས། འཇོན་ནུས་ཀྱིས་ཀུན་སྤྱོད་ཐད་ཀྱི་སྐྱོན་ཆར་ཁ་སྐོང་གཏན་ནས་བྱེད་ཐབས་མེད།

འོན་ཀྱང་ཕྲུ་གུའི་མི་གཤིས་ཀུན་སྤྱོད་ནི་ཁྱིམ་ནང་གི་སློབ་གསོ་དང་འབྲེལ་བ་ཆེས་ཆེར་ལྡན་པ་རེད་ལ། དགེ་རྒན་གྱིས་ཤེས་བྱ་རིག་གནས་ཁྲིད་པ་ལས་ཕྲུ་གུའི་མི་ཚེ་ཧྲིལ་བོར་ཤུགས་རྐྱེན་ཐེབས་མཁན་ནི་ཁྱིམ་བདག་རེད། ཕྲུ་གུར་མཚོན་ན།ཕ་མའི་འགྲོ་འདུག་སྤྱོད་གསུམ་ནི་དགེ་རྒན་གྱི་སྐར་མ་ཞེ་ལྔའི་རིང་གི་སློབ་ཁྲིད་ལས་ལྡབ་འགྱུར་གྱིས་ཤུགས་རྐྱེན་ཆེ་བ་རེད། དེ་བས། རང་གི་བུ་ཕྲུག་ལ་ཡ་རབས་སྤྱོད་བཟང་གི་མི་གཤིས་ཤིག་ཆགས་དགོས་ན་ཁྱིམ་ཚང་གི་སློབ་གསོ་ལ་རག་ལས་པ་ལས་དགེ་རྒན་ལ་བློ་ཐབས་ཅི་ཡང་མེད།

གཉིས་པ། དགེ་རྒན་ཁོ་ནས་ཁྱོད་ཀྱི་ཕྲུ་གུ་ལ་གོམས་གཤིས་ཡག་པོ་ཞིག་ཆགས་སུ་འཇུག་ཐུབ་པ་མ་རེད།

ཤོ་སྦག་རྩེད་སྟེགས་དང་བརྙན་འཕྲིན་འགྲམ་ནས་ནར་སོན་པའི་ཕྲུ་གུ་དང་།དཔེ་ཀློག་ལ་དགའ་བའི་ཁྱིམ་བདག་གིས་སྐྱོང་བའི་ཕྲུ་གུའི་བར་ལ་ཁྱད་པ་ཆེན་པོ་ཡོད་དེ། ཁྱིམ་བདག་གིས་བརྙན་འཕྲིན་ལྟ་ཞོར་ཕྲུ་གུར་ལས་བྱ་འབྲི་རུ་བཅུག་པ་དེས་ཕྲུ་གུ་ལ་ལྡོག་ཕྱོགས་ཀྱི་སེམས་ཁམས་སྐྱེས་ཏེ་ཡ་ལན་སློག་སྲིད་པ་རེད་ལ།ཁྱིམ་བདག་གིས་ཀྱང་འདང་རྒྱག་དགོས་པ་ཞིག་ལ་རང་གིས་ཀྱང་བསྒྲུབ་མི་ཐུབ་པ་དེ་ཕྲུ་གུར་སྒྲུབ་ཏུ་འཇུག་རྒྱུ་ནི་འོས་འཚམ་ཞིག་ཡིན་ནམ་མིན།

ཡར་ཐོན་ལྷུར་ལེན་ཅན་དང་། འཚོ་བའི་གོམས་གཤིས་ལེགས་པོ་ཆགས་ཡོད་པའི་ཕ་མས་སྐྱོང་བའི་ཕྲུ་གུ་མང་ཆེ་ཤོས་ནི་སློབ་སྦྱོང་བྱ་རྒྱུར་དགའ་ཞེན་ཡོད་པ་དང་། རང་གི་དུས་ཚོད་ལ་བཀོད་སྒྲིག་ཤེས་པའི་ཕྲུ་གུ་བསམ་ཤེས་ཅན་ཡིན་པས། ཕ་མ་ཡང་ཕྲུ་གུའི་སློབ་གསོ་ཕྱོགས་ལ་གུ་ཡང་པོ་ཆགས་ཐུབ་ངེས་རེད། གལ་ཏེ་ཁྱོད་ཀྱི་ཕྲུ་གུའི་སྟེང་ན་སྐྱོན་ཆ་མང་པོ་ཞིག་འདུག་ཚེ། ཐོག་མར་ཁྱིམ་བདག་རང་སྟེང་ནས་སྐྱོན་ཆ་བཙལ་ན། ད་གཟོད་ཕྲུ་གུའི་སྟེང་གི་སྐྱོན་ཆའི་འབྱུང་རྐྱེན་ནམ་རྩ་བ་ངོ་མ་དེ་རྙེད་ཐུབ་ནའང་སྲིད།

གསུམ་པ། དགེ་རྒན་ཁོ་ནས་ཁྱོད་ཀྱི་ཕྲུ་གུའི་དཔེ་ཀློག་གི་འདུན་པ་སྐྱེད་སྲིང་བྱ་མི་ཐུབ།

ཁྱིམ་བདག་མང་པོ་ཞིག་གིས་རང་གི་ཕྲུ་གུས་སློབ་སྦྱོང་མི་བྱེད་པ་དང་དཔེ་ཀློག་མི་བྱེད་པར་འཁང་ར་བྱེད་སྲིད་མོད། རང་གི་ལག་པ་བྲང་ཁར་བཞག་སྟེ་རང་ཉིད་དཔེ་ཀློག་ལ་དགའ་འམ་མི་དགའ་ཞེས་འདང་རྒྱག་མྱོང་མེད། ཕྲུ་གུའི་དཔེ་ཀློག་གི་འདུན་པ་ནི་ཆུང་དུས་སམ་ལོ་གཉིས་གསུམ་ཙམ་ལོན་པ་ནས་སྐྱེད་སྲིང་བྱ་དགོས་པ་ལས།སློབ་གྲྭར་མངགས་རྗེས་དགེ་རྒན་ཁོ་ནས་སྐྱེད་སྲིང་བྱ་དགོས་པ་ཞིག་རྩ་བ་ཉིད་ནས་མིན། ཁྱོད་ཀྱི་ཁྱིམ་དུ་དཔེ་ཆ་ཇི་ཙམ་མང་ན་ཕྲུ་གུས་ཀློག་པའི་དཔེ་ཆའང་དེ་ཙམ་གྱིས་མང་ལ།ཕ་མས་མིག་དཔེ་ཡག་པོ་ཞིག་སྟོན་ཐུབ་ན་ཕྲུ་གུས་ལད་མོ་བྱེད་ལ། དེ་ལས་ལྡོག་པའི་བྱ་བ་གཞན་དག་ཀྱང་ལད་མོ་བྱ་ངེས། ཕྲུ་གུས་ཆུང་དུས་དཔེ་ཆ་ཀློག་མྱོང་མིན་གྱིས་མ་འོངས་པའི་ཤེས་རྒྱ་དང་རྩོམ་འབྲིའི་ནུས་པ་བཅས་ནས་མངོན་ཡོང་བ་རེད།

བཞི་བ། དགེ་རྒན་ཁོ་ནས་ཁྱོད་ཀྱི་བུ་ཕྲུག་གི་སེམས་ཤུགས་སྐྱེད་སྲིང་བྱེད་མི་ཐུབ།

དགེ་རྒན་གྱིས་ཧ་ལམ་དཔེ་དེབ་ནང་གི་ཤེས་བྱ་ཁྲིད་པ་ལས། འཚོ་བའི་གོམས་གཤིས་ལེགས་པོ་ཅན་དང་བློ་རྩ་བརྟན་པའི་ཚུལ་ལྡན་གྱི་མི་ཞིག་བཅའ་དགོས་པའི་གནས་ལུགས་ཤེས་རྒྱུ་ནི་ཁྱིམ་བདག་ལ་བརྟེན་དགོས་ཏེ། ཆུང་དུས་ནས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ལས་སྐྱེད་སྲིང་བྱེད་དགོས། གལ་ཏེ་ཁྱོད་ཀྱིས་དེ་དག་སྣང་མེད་དུ་གཡུགས་ཚེ། ཕྲུ་གུའི་རྒྱུགས་འབྲས་ལེགས་ཀྱང་སྲིད་མོད། སེམས་ཤུགས་མེད་པའམ་དཀའ་ལས་ཆུང་ངུ་རེའང་དང་ལེན་བྱེད་མི་ཐུབ་པས། ཕྲུ་གུའི་སེམས་ནོར་སྐྱེད་སྲིང་བྱ་རྒྱུ་ནི་ཤིན་ཏུ་གལ།

ལྔ་བ། དགེ་རྒན་ཁོ་ནས་ཁྱོད་ཀྱི་བུ་ཕྲུག་ལ་རྟག་བརྟན་གྱི་སྤྲོ་སྣང་ཞིག་སྟེར་ཐུབ་པ་མ་རེད།

མི་ཞིག་ལ་མཚོན་ན།ཐོག་མའི་ཁྱིམ་ཚང་གིས་མི་ཚེ་གང་བོར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་པས། བཟའ་ཚང་འགྲིག་མཐུན་དང་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གི་ཕྲུ་གུ་ནི་ནམ་རྒྱུན་འཛིང་མོ་དང་རྩོད་རྙོག་གིས་ཁེངས་པའི་ཁྱིམ་ཚང་གི་ཕྲུ་གུ་ལས་སེམས་ཁམས་དྭངས་པ་ནི་གཏན་འཁེལ་ལྟར་དུ་ཡིན།དེ་ནི་དགེ་རྒན་གྱིས་སྟེར་མི་ཐུབ་པ་ཞིག་ཡིན་ལ་བུ་ཕྲུག་གི་མི་ཚེའི་ཁ་ལོ་སྒྱུར་བྱེད་ཞིག་ཀྱང་ཡིན།

དྲུག་པ། སྤྱི་སྡོམ།

དགེ་རྒན་ཚུལ་ལྡན་ཞིག་གིས་ལོ་ངོ་གསུམ་བཞིའི་རིང་ལ་སློབ་མར་ཤུགས་རྐྱེན་ཐེབས་ཀྱང་སྲིད་མོད། ཁྱིམ་བདག་གི་ཤུགས་རྐྱེན་ནི་མི་ཚེ་ཧྲིལ་བོར་ཡིན།

ཕྲུ་གུ་ནི་ཁྱོད་རང་གི་ཡིན་པ་ལས་དགེ་རྒན་གྱི་མིན། ཁྱིམ་བདག་ནི་ཕྲུ་གུའི་ཆེས་ཐོག་མའི་དགེ་རྒན་དང་མིག་དཔེ་ཡིན་པས། ཁྱོད་རང་འགན་འཁྲི་ཡོད་པའི་ཕ་མ་ཞིག་གྱིས་ཤིག

བརྒྱ་བཤད་ཚིག་གི་རྩ་བར། ཁྱོད་ཀྱི་ཕྲུ་གུ་ནི་དགེ་རྒན་གྱི་སློབ་མ་མང་པོའི་ཁྲོད་ལས་མི་གཅིག་ཡིན་པ་དང་ཁྱོད་ཀྱི་ཕྲུ་གུར་སློབ་གསོ་ལེགས་པོ་གཏང་རྒྱུའང་དགེ་རྒན་ཞིག་གི་ལས་འགན་ཁྲོད་ཀྱི་ཆ་ཤས་ཙམ་རེད། འོན་ཀྱང་། ཁྱོད་ནི་དེ་དང་མི་འདྲ་སྟེ། ཁྱོད་ཀྱི་ཕྲུ་གུ་ནི་ཁྱོད་ཀྱི་ཡོད་ཚད་ཡིན་ལ།དེར་སློབ་གསོ་ལེགས་པོ་ཞིག་གཏོང་རྒྱུ་ནི་ཁྱོད་ཀྱི་ཆེས་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་ནོ།།

  • ལེ་ཚན་སྔོན་མ།:ཕ་སྐད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།