ཚེ་རིང་སྒྲོལ་དཀར།

འཁོན་བུ་སྟག་རྒྱལ་ཚེ་རིང་།        2020-12-25

ང་ལ་མཚོན་ན་ཚེ་རིང་སྒྲོལ་དཀར་ཞེས་པའི་མིང་འདི་ནི་སེམས་ནས་ཇི་ལྟར་གསུབ་ཀྱང་གསུབ་ཏུ་མེད་པའི་མིང་དམིགས་བསལ་ཅན་ཞིག་ཡིན། ཚེ་རིང་སྒྲོལ་དཀར་དང་ངེད་གཉིས་ངོ་ཤེས་དུས་ང་རང་ལོ་བཞི་དང་མོ་རང་ལོ་ལྔ་ཡིན་དུས་ཀྱི་སྟོན་ཁ་དེ་ཡིན། ལོ་དེའི་དཔྱིད་ཀ་ནས་ང་ཚོའི་ས་ཕྱོགས་དེ་གར་རྩྭ་ས་གཙང་བཀར་བྱས་ནས་རུ་ཁྱིམ་ཚང་མར་རྩྭ་ས་བགོས་ནས་ཁྱིམ་གྲངས་ཚོ་ཁག་ལ་བགོས་ཤིང་མུའུ་ས་མི་གྲངས་ལ་བགོས་ནས་ཚེ་རིང་སྒྲོལ་དཀར་ཚང་དང་ངེད་ཚང་ཁ་གཉིས་ཀྱང་ཁྱིམ་མཚེས་སུ་གྱུར་བ་ཡིན། ཚེ་རིང་སྒྲོལ་དཀར་ནི་དེ་དུས་ནས་ང་ལས་བསམ་ཤེས་བྱེད་པར་ལོབས་ཡོད་པས་ང་ལ་གཅེས་གཅེས་གནང་བར་བྱེད་ལ་གཅེས་པ་ནས་གཅར་བའང་ཡོད། ང་ལ་མཚོན་ན་ངུ་ཁ་ལུག་རྒྱུར་དགའ་བའི་མི་ཞིག་ཡིན་ལ། མཚམས་རེར། གཞན་གྱིས་ངན་ལས་ཅི་ཡང་མ་བྱས་ནའང་། ང་ངུ་རྒྱུ་ཡིན་ཞེས་བཤད་རྗེས་གློ་བུར་དུ་དབྱར་ཁའི་གནམ་ངོ་ཐོན་པ་ཇི་བཞིན་ངའི་གདོང་མདོག་དམར་སྨུག་ཏུ་འགྱུར་འགྲོ་ལ། དེ་དང་ལྷན་དུ་མགྲིན་པ་ལས་སྟོར་སྒྲ་ཨ་ཚ་བ་རེ་སྒྲོག་ཅིང་། དེ་ནས་རབ་ཏུ་ཆུང་བའི་མིག་ཟུང་གཉིས་ལས་མཆི་མ་རྡོག་པོ་འགའ་འཕར་བའི་ཚུལ་གྱིས་མཁུར་ཚོས་བརྒྱུད་ནས་རང་ཉིད་ཀྱི་པང་དུ་གཏོར་བར་བྱེད། དེ་བས་ཀྱང་ཡིད་མ་ཚིམས་པ་ཡིན་ན། ཐང་ལ་འགྲེ་ལོག་བྱེད་ཁུལ་ཡང་བྱེད། དེ་ནི་མི་ཐུན་མོང་ལ་ཡོད་པའི་གཤིས་ཀ་ཞིག་མ་ཡིན་པར་ང་གཅིག་པུའི་ཐུན་མིན་གྱི་གཤིས་ཀ་ཞིག་ཡིན། དེ་བས་ཚེ་རིང་སྒྲོལ་དཀར་གྱིས་ང་ངུ་བཞིན་པའི་རྣམ་པ་མཐོང་ཐེངས་རེར་ང་ལ་འཕྱ་དམོད་བྱེད་ཅིང་། ལན་རེར་ཚེ་རིང་སྒྲོལ་དཀར་ངའི་ངོ་ལ་ཕུར་ཚུགས་སུ་ཅེར་ནས་“ཁྱོད་ངུ་ཁ་ཞིག་རེད། ཁྱོད་ང་ལ་མི་འགྱན་ཀི”སོགས་སྐད་ཆ་སྣ་ཚོགས་ཅི་འདོད་ཀྱིས་ང་ལ་བཤད་པ་ཡིན། དེ་ལྟར་བཤད་མ་ཐག ངས་བླ་བོར་བ་ཇི་བཞིན་ཨག་སྐད་ཨ་ཚ་བ་རེ་བྱེད་ཅིང་དེ་ནས་མིག་ཆུ་རྡོག་པོ་འགའ་བཙུར་ནས་ཀྱང་ཡོང་ཐུབ་བྱེད་དགོས། མིག་ཆུ་རྡོག་པོ་འགའ་ཡོང་བས་ཀྱང་མི་ཆོག་པར་ཨ་མ་ལ་གཏུགས་བཤེར་བྱེད་དུ་འགྲོ་དགོས། ཨ་མས་ང་ལ་དོ་སྣང་འབུ་སུག་ཙམ་ཡང་བྱེད་མི་སྲིད་མོད། ང་ངེས་པར་དུ་ཨ་མའི་མདུན་ལ་ཐེངས་གཅིག་འགྲོ་དགོས། རང་ཉིད་ཀྱི་རྒྱབ་རི་ཡིན་འདོད་ཀྱི་ང་རྒྱལ་ཆེན་པོ་ཞིག་ཁུར་ནས་ཨ་མའི་འཁྲིས་ལ་ཐོན་དགོས། སྐབས་འདིར་བསླེབས་དུས། ཚེ་རིང་སྒྲོལ་དཀར་ཡང་སྐྲག་སྔངས་དང་བཅས་ཕྱིར་ཡུལ་ལ་བྲོས་འགྲོ། དེ་ནི་འཇིག་རྟེན་གྱི་བུད་མེད་ཕལ་ཆེ་བའི་སྙིང་ཆུང་ཟེར་བའི་རྟགས་མཚན་ཞིག་ཡིན་ཡང་སྲིད། མིན་ན་ཚེ་རིང་སྒྲོལ་དཀར་གཅིག་པུ་ལ་ཡོད་པའི་སྒེར་གཤིས་ཁྱད་པར་བ་ཞིག་ཡིན་ཡང་སྲིད།

དགུན་ཁའི་ཞོགས་པ་རེ་རེར། ཚེ་རིང་སྒྲོལ་དཀར་ངེད་ཚང་ལ་ཐོན་ཡོང་ལ་ཡོང་ནས་ཀྱང་ང་དང་མཉམ་དུ་རྩེད་མོ་རྩེ་རུ་འགྲོ་བ་ཡིན། ཞོགས་པར་སྔ་མོ་ནས་ཨ་མས་ནོར་ལྷས་ནས་མདོ་གདུགས་སྒྲོལ་གསུམ་གྱི་དབྱངས་རྟ་ངག་ལ་གྱེར་ཞིང་ཤིང་དཀར་གསོམ་པ་ཡི་ཟེའུ་པང་ལ་བསྙེས་ནས་འབྲི་མོ་འཇོ་དུས། ཚེ་རིང་སྒྲོལ་དཀར་དང་ངེད་གཉིས་ཀྱིས་ཐོག་མར་ལྕི་སྒ་(ལྕི་སྒ་ནི་ལྕི་བས་བཟོས་པའི་དར་ཤུད་བྱེད་སྤྱད་ཅིག)ལ་བལྟ་བར་བྱེད། ངེད་གཉིས་ཀྱིས་ཉིན་ཕལ་ཆེ་བར་ལྕི་སྒ་རེ་བཟོ་བར་བྱེད། ལྕི་སྒ་ཞིག་བཟོ་བར་གཡག་རྒན་སེར་ལངས་ཀྱི་ལྕི་བ་གཅིག་གིས་ཆོག འབྲི་རྒན་རོག་ལྡང་མའི་ལྕི་བ་ཡིན་ན་གཉིས་ཙམ་ཞིག་དགོས། ལྕི་སྒ་བཟོ་བའི་དུས་ཚིགས་ནི་དགུན་དུས་ཀྱི་སྲོད་ཞོགས་དག་ཡིན་ལ། ས་སྲོད་མཚམས་སུ་ལྕི་སྒ་བཟོ་བ་ཡིན་ན། ཕྱི་ཉིན་ཕྱོགས་པར་ལྕི་སྒ་དེ་ལེགས་གྲུབ་བྱུང་ཡོད་ངེས། ལྕི་སྒ་ཙ་ཡ་ཞིག་བཟོ་ཚེ་ཉིན་ལྔ་དྲུག་ཙམ་ལ་དར་ཤུད་བྱེད་སྤྱད་བྱས་ཀྱང་ཆོག ལྕི་སྒ་བཟོ་བར་ང་ཚོས་ཆེས་ཤེས་དགོས་པའི་རྒྱུན་ཤེས་ནི་ལྕི་བ་མཐུག་དགོས་པ་ལས་སྲབ་མི་རུང་། ལྕི་བ་སྲབ་སོང་ཚེ། ལྕི་སྒ་གློ་བུར་གས་ཆག་བྱུང་ནས་བཀོལ་སྤྱོད་མེད་པར་འགྱུར་འགྲོ། ལྕི་སྒ་མཐུག་ཆོག་མོད་ལྕི་སྒའི་ཞེང་ཚད་ཆེ་མི་རུང་། ལྕི་སྒ་ཚད་ལྡན་ཞིག་གི་ཆེ་ཆུང་ནི་ཕལ་ཆེར་ངེད་ཚང་གི་ཨ་མྱེས་ཀྱི་ལྷམ་ཞབས་ལྟ་བུ་ཞིག་ཡིན་ངེས། ངེད་ཚང་གི་ཨ་མྱེས་ཀྱི་ལྷམ(boots)གྲངས42ཡིན། འདི་ནི་བྱིས་པ་ཞིག་གི་ལྕི་སྒ་ལ་ཆ་བཞག་ནས་བཤད་པ་ཡིན་ཀྱི་གསར་བུ་ཞིག་ལ་མིན་ཏེ། གསར་བུ་དར་ཤུད་བྱས་ནས་རྩེས་འདུག་པ་ཞིག་ཕལ་ཆེར་མེད་ཚོད་ཡིན།

དེ་ལྟར་དགུན་མཇུག་ལ་ཐོན་པ་ན། ཚེ་རིང་སྒྲོལ་དཀར་ལ་ལྕི་སྒ་བཅུ་གཉིས་བཅུ་གསུམ་ཞིག་ཡོད་ལ་མང་ཆེ་བ་ནི་སྣ་འགྲོ་དག་དག་ཡིན། ང་ལ་ལྕི་སྒ་བཅུ་དྲུག་བཅུ་བདུན་ཙམ་ཞིག་ཡོད་མོད། ཕལ་ཆེ་བ་མགོ་ཆག་སྣ་རུལ་ཡིན་ཞིང་བཀོལ་སྤྱོད་བྱེད་དུ་མེད། དེ་འདྲ་ཞིག་ཡིན་ནའང་ཚེ་རིང་སྒྲོལ་དཀར་ངེད་གཉིས་ཀྱིས་དར་ཤུད་བྱས་ན་རྩལ་སྟོན་པར་མཁས་པ་ནི་ང་ཡིན། ང་གནམ་ཆུའི(གནམ་ཆུ་ནི་ངོས་གཟར་ནས་ཆུ་ཐུར་དུ་འབབ་པ་ལ་དར་ཆགས་པའི་རྣམ་པ་དེ་ལ་ཟེར།) མགོ་ནས་རྒྱུག་ཐུབ་། ཚེ་རིང་སྒྲོལ་དཀར་གནམ་ཆུའི་མགོ་ནས་འགྲོའང་མི་ཐུབ།དེ་ནི་ངེད་གཉིས་ཕོ་མོ་གཉིས་སུ་དབྱེ་ཡོད་པའི་རྒྱུ་མཚན་ཡང་ཡིན་ངེས།

ཚེ་རིང་སྒྲོལ་དཀར་དང་ངེད་གཉིས་ཀྱིས་ཁ་བ་བབས་པའི་ཞོགས་པ་རེ་རེར་བྱེའུ་འཛིན་པར་བྱེད་ཅིང་བྱེའུ་འཛིན་པ་ལའང་རྒྱུ་མཚན་ཡོད་དེ། བྱེའུ་ནི་སྙིང་ཉེ་བའི་འདབ་ཆགས་རིགས་ཤིག་ཡིན་པས་དང་། ཚེ་རིང་སྒྲོལ་དཀར་དམིགས་བསལ་གྱིས་བྱེའུ་ལ་དུང་བས་ཡིན། ཚེ་རིང་སྒྲོལ་དཀར་དང་ངེད་གཉིས་ཀྱི་དགའ་ཕྱོགས་ཕལ་ཆེ་བ་ཁ་ཁར་ཡིན་ཏེ། ཚེ་རིང་སྒྲོལ་དཀར་ནི་གཉོམ་དུང་དུང་གི་རིགས་ལ་དགའ་ཞིང་ང་ནི་གཏུམ་ཞིང་དྲག་པོའི་རིགས་ལ་འཐད། དེ་བས། ཁ་བ་འབབ་ཐེངས་རེར་བྱེའུ་འཛིན་པའི་གོམས་སྲོལ་དེ་ནི་ཚེ་རིང་སྒྲོལ་དཀར་ཀྱིས་ང་ལ་བསླབ་པ་ཡིན།

བྱེའུ་འཛིན་པར། ཐོག་མར་ཚེ་རིང་སྒྲོལ་དཀར་ཀྱིས་ཕྱུར་བ(cheese )རྡོག་འགའ་ཁྱེར་ཡོང་ཞིང་(ཕྱུར་བ་དེ་ནི་ཨ་མ་ཀླུ་བྷས་དབྱར་ཁའི་སྲོད་ཞོགས་རེ་ལ་སེན་མགོ་ཁྲག་དང་སེན་རྩ་བརྣག་བྱས་ནས་ཁབ་གསོག་འབུགས་བྱས་པ་དེ་ཡིན་ངེས།) དེ་ནས་སྐུད་པ་ཕྲ་མོ་ཞིག་ལ་བཀོལ་པ་འཐེན་དགོས། སྐུད་པ་ཕྲ་མོ་དེ་ནི་ཚེ་རིང་སྒྲོལ་དཀར་ཀྱི་ལག་ལ་ཡོང་ངེས་ཐག་ཡིན་ཏེ་ཚེ་རིང་སྒྲོལ་དཀར་གྱི་ཨ་ཕ་ནི་བཟོ་བ་ཞིག་ཡིན་པས་ཡིན། སྐུད་པ་ཕྲ་མོ་དེ་ལག་སོན་བྱུང་རྗེས། ད་གཟོད། ཀ་ཏོ་ར་ཞིག་དང་ཤིང་ཐུར་ཞིག་ཀྱང་གྲ་སྒྲིག་བྱེད་དགོས། ཆ་རྐྱེན་དེ་དག་འཛོམས་ཚེ་བྱེའུ་བཟུང་ཆོག

ཐོག་མར། ཀ་ཏོ་ར་དང་སྐུད་པ་ཕྲ་མོ། ཤིང་ཐུར་ཕྲ་མོ། ཕྱུར་བ་རྣམས་རང་ཁྱིམ་གྱི་སྒོ་དང་བར་ཐག་རིང་ལ་མི་རིང་བའི་མཚམས་སུ་ཁྱེར་ཏེ་ཀ་ཏོ་རའི་ཁ་ས་རུ་བསྐོར་ནས་དེའི་འོག་ནས་ཤིང་ཐུར་དེས་ཡར་བཀྱགས་ཙམ་ནས་ཀ་ཏོ་རའི་ཟུར་གཅིག་ཤིང་ཐུར་གྱིས་འགྱོགས་ཤིང་ཟུང་གཞན་པ་དེ་ས་རུ་བརྟེན་ནས་འདུག་དགོས། དེ་ནས་ཤིང་ཐུར་དེའི་སྣེ་མོ་ལ་སྐུད་པ་བཏགས་ནས་རང་ཁྱིམ་ལ་འཐེན་དགོས་ཤིང་ཕྱུར་བ་ཐར་ཐོར་ཞིག་ཀ་ཏོ་རའི་མཐའ་འཁོར་དང་ཀ་ཏོ་རའི་འོག་ལ་བཏབ་རྗེས། རང་ཁྱིམ་ལ་སོང་ནས་སྐུད་པ་ཕྲོ་མོ་དེས་མ་བཏང་ཁུལ་གྱིས་བྱེའུ་རྙིེད་ལ་འཁོར་བར་མིག་ཟུང་ཧྲིག་གེར་རེ་སྒུག་བྱེད་དགོས། སྐར་མ་བཞི་ལྔ་ཙམ་གྱི་ཡུན་ཚད་ལ་བསྒུག་པས་བྱེའུ་རྙི་ལ་འཁོར་བར་བྱེད། བྱེའུ་རྣམས་ཕྱུར་བ་ཟ་བར་དགའ་བས་ཡིན་ནམ། གང་ལྟར་། བྱེའུ་རྣམས་ཀྱིས་ཕྱུར་བ་སྒུམ་འཐུ་བའི་ཆེད་དུ་རང་ཉིད་རྙི་རུ་འཇུག་ངེས། བྱེའུ་དེ་དག་གིས་བྱེའུ་རྙི་དེའི་མཐའ་འཁོར་གྱི་ཕྱུར་བ་རྣམས་རེ་རེ་བཞིན་སྒུམ་བཏུ་ནས་མཐར་བྱེའུ་རྙིད་ལ་ལྷུང་འགྲོ། བྱེའུ་དེ་དག་བྱེའུ་རྙིད་ལ་ལྷུང་མ་ཐག་ལག་ཏུ་ཐོགས་པའི་སྐུད་པ་ཕྲ་མོ་དེའི་སྐུད་སྣེ་ནས་ཤུགས་ཀྱིས་འཐེན་ཙམ་བྱས་པ་ན་ཀ་ཏོ་རའི་ནང་གི་ཤིང་ཐུར་ཕྲ་མོ་དེ་འགྱེལ་ནས་ཀ་ཏོ་ར་བྱེའུ་སྟེང་དུ་འགེབས་པར་བྱེད་ལ། ཚེ་རིང་སྒྲོལ་དཀར་དང་ངེད་གཉིས་ཀྱང་དགའ་སྤྲོ་དཔག་མེད་ཅིག་སྐྱེས་ནས་ཀ་ཏོ་རའི་འཁྲིས་སུ་འགྲོ་ཞིང་ཚེ་རིང་སྒྲོལ་དཀར་ཞེད་སྣང་ཆེ་བས་ཀ་ཏོ་རའི་འོག་ནས་བྱེའུ་ལེན་མི་ཐུབ། དེ་བས།ཐོག་མར་ཀ་ཏོ་ར་དེའི་འོག་ནས་སྤར་བསྙབ་ཅིག་གིས་ངས་བྱེའུ་དེ་ལག་ཏུ་ལེན་ཞིང་བྱེའུ་དེའི་རྐང་བར་སྐུད་པ་ཕྲ་མོ་ཞིག་བཏགས་རྗེས། ཚེ་རིང་སྒྲོལ་དཀར་གྱིས་སྐུད་སྣེ་ནས་འཛིན་པ་ཡིན་ལ། དེ་ཙམ་གྱིས་ཀྱང་ཚེ་རིང་སྒྲོལ་དཀར་གྱི་བློ་ཡིད་ཚིམས་ནས་འཛུམ་ཙམ་འཛུམ་ཙམ་བྱེད་ལ། ངས་ཀྱང་མོ་ལ་ཕྱིར་ལན་ཞིག་གིས་ཚབ་ཏུ་འཛུམ་ཙམ་འཛུམ་ཙམ་བྱེད་ངེས། དེ་ནི་ངེད་གཉིས་ཀྱིས་བྱེའུ་འཛིན་པའི་མགོ་མཇུག་གཉིས་ལས་ཐ་མའི་ཁོངས་སུ་ཐེ་ལ་ངེད་ཚང་གི་ཨ་མས་དེ་འདྲ་བའི་བྱ་སྤྱོད་མཐོང་ཚེ་ཨོང་ཤའི་སྟེང་ལ་ཐལ་ལྕག་ཚ་བེར་བ་ཞིག་བཞུ་བ་སེམས་ཐག་ཡིན། གལ་སྲིད། ངེད་ཚང་གི་ཨ་མས་མ་མཐོང་བ་ཡིན་ཚེ་ཉིན་ཕྱེད་ཙམ་ལ་བྱེའུ་དེ་རྩེད་ཆས་ཀྱི་ཚུལ་གྱིས་ཡར་འཁྱེར་མར་ལ་འཁྱེར་བར་བྱེད་ཅིང་། ཕྱི་དྲོ་ཙམ་ལ་མཁའ་དབྱིངས་སུ་གཏོང་ངེས་ཡིན།

དགུན་ཁ་རེ་རེར། ང་ཚོའི་ས་ཆར་བྱིས་པ་རྣམས་ལ་ལྭ་བ་བཟོ་ཞིང་ལྭ་བ་ཕལ་ཆེ་བ་ནི་གོང་ཁ་དང་ཕུར་ཁ་སོགས་སུ་སྤུ་ཚར་དང་ཚ་རུ་སྤྲད་ཡོད་པའི་རིགས་ཡིན་ཞིང་ཚུགས་ཀ་བོད་བཟོས་ཡིན། ཚེ་རིང་སྒྲོལ་དཀར་དང་ངེད་གཉིས་ལའང་ཆ་འགྲིག་ལྟ་བུའི་ལྭ་བ་བཟོས་མྱོང་ཞིང་ཚེ་རིང་སྒྲོལ་དཀར་ཀྱི་ཨ་ཕས་ཀྱང་ནར་སོན་ན་ངེད་ཚང་ལ་མག་པ་ཡོང་དགོས་ཞེས་ཀུ་རེ་ཐོར་རེ་བའང་རྒྱུན་དུ་རྩེ་བར་བྱེད། མཚམས་རེར། ཚེ་རིང་སྒྲོལ་དཀར་གྱི་ཨ་ཕས་ངེད་གཉིས་ལུག་ལ་སོང་དང་ཀ་ར་སྟེར་སོགས་ཀྱི་སྐད་ཆ་མང་དུ་བཤད་པར་བྱེད། ཡིན་ནའང་། ཚེ་རིང་སྒྲོལ་དཀར་དང་ངེད་གཉིས་ལ་མཚོན་ན་མཉམ་དུ་རྩེ་རྒྱུར་དགའ་བ་ལས་མཉམ་དུ་ལུག་ལ་འགྲོ་རྒྱུར་དགའ་བོ་ཞེ་དྲག་མེད་པས་སྐད་ཆ་དེ་འདྲའི་རིགས་ཐོས་ཙམ་ནས་ངེད་ཚང་ལ་བྲོས་འགྲོ།

ནམ་རྒྱུན། ཚེ་རིང་སྒྲོལ་དཀར་ངེད་གཉིས་སུ་ལ་མཚོན་ནའང་ལྭ་བ་ཞིག་བཟོས་གྲུབ་བྱུང་བ་ཡིན་ན། དེ་མ་ཐག་གྱོན་ནས་ཕན་ཚུན་གྱི་རི་ཁ་ཁྱིམ་མཚེས་ལ་ངོམ་སོ་བྱེད་དུ་འགྲོ་དགོས་ཤིང་ཕན་ཚུན་གྱི་རུ་ཁ་ཁྱིམ་མཚེས་ཀྱིས་ཀྱང་། ལན་རེར་ཀ་ར་དང་སིལ་ཏོག་སྟེར་ཞིང་། ཀ་ར་དང་སིལ་ཏོག་མེད་པའི་ཉིན་ཞིག་ལ་འཁེལ་ཚེ་ཐོད་པ་དང་ཕྲག་སྟེང་གཉིས་ལ་མར་བསྐུ་ཞིང་དེ་ནི་ང་ཚོའི་ས་ཆར་མཚོན་ན་ཁ་ཕབ་སྟངས་ལེགས་ཤོས་ཤིག་ཏུ་བརྩི་བ་ཡིན། ང་ལ་མཚོན་ན་དེ་ནི་ཅི་ཡང་མ་རེད་བསམ་བསམ་གྱིས་ངུ་ཁ་ལུག་མདོག་གིས་ཕྱིར་ཡུལ་དུ་འགྲོ་ཞིང་ཚེ་རིང་སྒྲོལ་དཀར་ལ་མཚོན་ན་ཅུང་དགའ་མདོག་གིས་ཡུལ་ལ་འགྲོ་བ་ཡིན།

དེ་ལྟར་འབའ་དང་བྱེའུ་སྒོང་རྩེ་བ་ནས་ཀོ་མདའ་བཟུང་ནས་ཨ་བྲ་བདའ་བ། སྨྱུག་མ་ཞོན་ནས་ཇིང་གུར་རྒྱལ་བོ་བཅའ་བ་སོགས་བྱིས་དུས་ཀྱི་སྒྱུ་མ་ལྟ་བུའི་ཡིད་འོང་གི་རྩེ་མོ་མང་དག་ཅིག་རྩེས་ནས་དུས་ཚོད་དང་དུས་ཚོད་བརྗེས་ནས་ལོ་ཟླ་དང་ལོ་ཟླ་འཕར་བས་ཚེ་རིང་སྒྲོལ་དཀར་དང་ངེད་གཉིས་ཀྱང་སྐད་ཅིག་དེ་ཉིད་ལ་སློབ་གྲྭར་འགྲོ་བའི་དུས་ལ་བསླེབས་སོང་།

ཚེ་རིང་སྒྲོལ་དཀར་ལོ་དགུ་དང་ང་ལོ་བརྒྱད་ཡིན་དུས་ཀྱི་སྟོན་དགུན་འདྲེས་མཚམས་ཤིག་ལ་ཚེ་རིང་སྒྲོལ་དཀར་དང་ངེད་གཉིས་མཉམ་དུ་སློབ་གྲྭར་སོང་བ་ཡིན། སྤྱིར་ན། ཚེ་རིང་སྒྲོལ་དཀར་ལོ་སྔོན་མའི་སྟོན་ཁ་ནས་སློབ་ལོར་རན་ཡོད་ཀྱང་ཚེ་རིང་སྒྲོལ་དཀར་གྱི་ཨ་ཕས་མོ་རང་སློབ་གྲྭར་མི་མངགས་པའི་བཀོད་པ་འཐེན་པས་ལོ་དགུར་སོན་རག་བར་དུ་དུས་འགྱངས་བྱས་པ་རེད། ཚེ་རིང་སྒྲོལ་དཀར་ལོ་དགུར་སོན་པའི་སྟོན་ཁ་དེར་མོས་སློབ་གྲྭར་འགྲོ་རྒྱུ་ཡིན་ཞེས་ངུ་ཤུམ་བྱས་ནས་བཀོད་པ་མ་བྱུང་བས་ངེད་གཉིས་མཉམ་དུ་སློབ་གྲྭར་མངགས་པ་རེད།

  • ལེ་ཚན་སྔོན་མ།:གཏམ་འཆལ་གྱིས་རང་སེམས་བརྗོད་པ།
  • ལེ་ཚན་རྗེས་མ།:ཝེ། ཁྱོད་ཀྱིས་བརྩེ་དུང་གི་ཡང་སྙིང་ག་རེ་ཞིག་ལ་སྐད་དམ།