གངས་དཀར་ཤ་མེད་མ་ཟེར་བ་དེ་འདི་འདྲ་ཞིག་རེད།

        2020-12-24

     བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ་སློབ་དཔོན་པདྨ་འབྱུང་གནས་སྟོད་མངའ་རིས་ནས་ལྷ་ས་ཕྱོགས་སུ་ཕེབས་སྐབས་བསྟན་མ་བཅུ་གཉིས་དམ་ལ་བཏགས་ཏེ་བོད་ཀྱི་ཡུལ་ཁམས་སྐྱོང་བའི་སྲུང་མར་བསྐོས་པའི་ནང་ཚན་ལྷ་མོ་གངས་དཀར་ཤ་མེད་ཅེས་ཐོག་མར་སློབ་དཔོན་ལ་ཆོ་འཕྲུལ་སྣ་ཚོགས་བསྟན་ནས་གནོད་འཚེ་བྱེད་པར་འོང་བ་སློབ་དཔོན་གྱིས་བཏུལ་སྐབས་ལྷ་མོ་དེ་མཚོའི་ནང་དུ་བྲོས། སློབ་དཔོན་གྱིས་མཚོ་དེ་ལ་དམིགས་པ་མཛད་པས་མཚོ་ཁོལ་ནས་ལྷ་མོའི་ལུས་ལ་ཤ་མེད་པའི་ཀེང་རུས་གཟུགས་ཅན་ཞིག་ཏུ་སོང་བར་ལྷ་མོ་དེ་མཚོ་ནང་ནས་ཐོན་ཏེ་བྲོས་ཕྱིན་པ་དང༌། ཕྱི་མིག་ཅིག་བལྟས་པ་དང་སློབ་དཔོན་གྱིས་ཕྱག་གི་རྡོ་རྗེ་འཕངས་པས་མིག་ཡ་གཅིག་ཞར་ནས་མིག་གཅིག་ལས་མ་ལུས་པ་ན་སློབ་དཔོན་ལ་བཟོད་པར་གསོལ་བས་དམ་ལ་བཏགས། དབང་བསྐུར་བའི་གསང་མཚན་ལ་རྡོ་རྗེ་སྤྱན་གཅིག་མ་ཞེས་གསོལ། ལྷ་མོ་འདི་ཤངས་ཀྱི་ལྷ་བུ་གངས་དཀར་ཞེས་འབོད་པའི་རི་དེ་ལ་གནས་པའི་ཆ་ནས་གངས་རི་དེ་དང་ལྷ་མོའི་མིང་བསྡོམས་ཏེ་ཇོ་མོ་གངས་དཀར་ཤ་མེད་ཅེས་གྲགས། ལྷ་མོ་འདི་ལ་ཞི་དྲག་གཉིས་ཡོད་པའི་ཞི་བ་ནི། སྐུ་མདོག་དཀར་མོ། ཤ་བ་ལ་བཞོན་པ། གཡས་སུ་གསེར་གྱི་ཟོར་བ་དང་གཡོན་དུ་བུམ་པ་འཛིན་པ་ཞིག་དང༌། དྲག་མོ་ནི་སྐུ་མདོག་དཀར་མོ། ཤ་བ་དཀར་མོ་ལ་བཞོན་པ། གཡས་སུ་ནད་རྐྱལ་དང༌། གཡོན་དུ་བུམ་པ་འཛིན་པ་ཞིག་ཡོད།


ཡོང་ཁུངས། དུང་དཀར་ཚིག་མཛོད་ཆེན་མོ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:འཇང་གི་ཡུལ།
  • ལེ་ཚན་རྗེས་མ།:སོ་མང་རྒྱལ་པོ་དང་དམ་པ་རྒྱལ་པོ་གཉིས་ཀྱི་མཁར་རྫོང་།