དྲིན་ཆེན་ཞིག་ང་དང་གཏན་དུ་གྱེས་སོང་།

གངས་ཐིགས།        2020-12-16

ད་ལོར། དགུན་ཁ་མ་ཡིན་པས་དགུན་ཁ་གཞན་ཞིག་སླེབས་དུས། བདག་གི་བྲང་གཞུང་ལ་གྲང་ངར་གྱིས་བུ་ཡུག་འཚུབ་ཅིང་། སྐྱོ་སྡུག་གིས་ན་བུན་འཐིབས། དེའི་དུས། སྙིང་ལ་ཙག་བཤགས་བརྒྱབ་ཅིང་། ཞེ་སེམས་འཁྱག་ལ་འབྱར། ངུ་སྡུག་གིས་ནམ་མཁའ་ཁེབས་ཀྱང་། མིག་ཆུ་ཡིས་རྒྱ་མཚོ་འཁྱིལ། ངུས་ན་ངུས་ནས་ཚར་འགྲོ་བ་ཞིག་མ་ཡིན་ཏེ། སྡུག་ན་སྡུག་ནས་དྭངས་འགྲོ་བ་ཞིག་ཀྱང་གཏན་ནས་མིན། འདི་ལྟར་ངུ་སྡུག་གི་ན་ཟུག་ཞེ་རུ་བཅུག་ནས། ཞེད་ཀྱང་སྐྱོ་བའི་ཐ་སྙད་འདི་བྲང་ཁར་སྦྱར་ནས། ལས་དབང་དང་ལན་ཆགས་ཀྱིས་བསུས་ཡོང་བའི་སྡུག་བསྔལ་འདི་ཕྲག་ཏུ་མི་ལེན་ཐབས་མེད་ཡིན།

ད་ལོར། ངའི་ཁོར་ཡུག་གི་མངའ་ཐང་ཁྲོད་དུ་དབྱར་ཁ་མེད་ལ་དགུན་ཁ་དེ་ལས་ཀྱང་མང་། ཡོད་ཚད་གྲང་ངར་གྱིས་བསུས་ཤིང་། ན་ཟུག་གིས་བསྐྱལ། དྲོད་ཁོལ་གྱིས་རེག་པའི་ཉི་མ་མེད་ལ། མཛེས་སྡུག་བྱུག་པའི་དབྱར་ཁ་མེད། གར་སོང་ཆ་མེད་དུ་གྱུར་བའི་ང་ཡི་དབྱར་ཁ།

སུ་ཞིག་གིས་བཅོམ་སོང་ངམ། ཡང་ན། སུ་ཞིག་གིས་འཕྲོག་སོང་། སྙིང་རྗེ་དང་བྲལ་བའི་གཤེད་མ་སུ་ཞིག་ང་ཡི་ཁོར་ཡུག་ཏུ་སླེབས་ཐེངས་ཤིག་གིས་ང་ལ་ན་ཟུག་སྤྲད་བྱུང་། མིག་ཆུ་བསྣུན། སྡུག་བསྔལ་བསྐྲུན། འདི་དག་ནི་བཀླགས་འདོད་མེད་པའི་ཐ་སྙད་ཅིག་ཡིན་ལ། ཞེན་འདོད་མེད་པའི་སྐད་ཆ་ཞིག་ཀྱང་ཡིན། ཡོད་ཚད་ལས་དབང་ལ་སྐྱབས་བཅོལ་གནང་བའི་འཇིག་རྟེན་འདིར། སུ་ཞིག་ལ་ལེ་བདའ་གནང་། སུ་ཞིག་ལ་འཁང་ར་བྱེད།

ང་ལ་ཆུང་དུས་ནས་ཨ་ཕྱི་ཟེར་བའི་དྲིན་གྱིས་བསྐྱངས་ཤིང་དྲོད་ཀྱིས་གཉོར་བའི་དྲིན་ཆེན་གྱི་ཨ་ཕྱི་ཞིག་ཡོད། ང་ལ་མཚོན་ན་ཨ་ཕྱི་ནི་ཆེས་དྲིན་དུ་ཆེ་ཞིང་ཆེས་ཞེ་བརྩེ་ཆེ་བའི་དྲིན་ཆེན་གྱི་ཨ་མ་ལྟ་བུ་ཡིན། ང་རང་ཆུང་དུས་ནས་ཨ་ཕྱིའི་གཉོར་ཞིང་ཨ་ཕྱིས་བསྐྱངས་པའི་བུ་ཕྲུག་ཞིག་ཡིན་པའི་ཆ་ནས། ང་རང་ཨ་ཕྱི་ལ་རང་གི་ཨ་མ་ལས་ལྷག་པའི་འདང་བརྩེ་ཆགས་མྱོང་ལ། ཨ་ཕྱིས་ཀྱང་ང་ལ་རང་གི་བུ་ཕྲུག་ལས་ལྷག་པའི་བརྩེ་བ་སྟེར་མྱོང་།

འདི་ལྟར་ལོ་ཟླའི་བཞུད་ཤུལ་ལ་མ་བུའི་བརྩེ་འདང་བཀོད་ཅིང་། འཚོ་བའི་ཁ་དོག་ལ་མཛེས་བའི་འཛུམ་མདངས་བཀྲ་བས། ལོ་ཟླ་དེ་དག་ནི་ང་ལ་མཚོན་ན་ཆེས་བདེ་སྐྱིད་ལྡན་པའི་ལོ་ཟླ་ཞིག་ཡིན་ལ། ཆེས་ཡིད་དུ་འོང་བའི་ལོ་ཟླ་ཞིག་ཀྱང་ཡིན། འདི་ལྟར་ལོ་ཟླའི་ཧྲག་བར་ལ་གཏམ་རྒྱུད་ཀྱི་བྱུང་བ་འཁྱིལ་ཞིང་། བརྩེ་འདང་གི་རི་མོ་བྲིས། ད་ལོར་གློ་བུར་དུ་ཆེས་བརྗེད་པར་དཀའ་ལ་དྲན་པར་སླ་བའི་ལོ་ཟླ་ནག་པོ་ཞིག་འདི་ལྟར་སླེབས། ང་ལ་ཆེས་འདང་བརྩེ་ཆེ་ཞིང་ང་ལ་ཆེས་བྱམས་བརྩེ་ཆེ་བའི་དྲིན་ཆེན་གྱི་མ་ལོ། འཇིག་རྟེན་དཀར་ངོགས་ཀྱི་འོད་སྣང་ངོགས་ནས་འདི་ལྟར་ང་དང་གཏན་དུ་གྱེས། མི་ཐེག་སྡུག་བསྔལ་གྱི་ཁུར་བོ་ལྕི་མོས་ང་རང་ཡོངས་སུ་མནན་ཞིང་མི་འདོད་ལན་ཆགས་ཀྱི་གཤེད་མ་ལྟ་བུའི་ང་ཡིས་གློ་སྙིང་བྲུས། བསམ་མི་འདོད་པའི་སྡུག་བསྔལ་ཞིག་ང་ཡི་སྙིང་ཁར་ལྷུང་། བཞུར་མི་ཚར་བའི་མིག་ཆུ་ཞིག་གིས་ང་ཡི་བྲང་གཞུང་བརླན། འདི་ལྟར། ལོ་ཟླའི་བཞུད་ཤུལ་དུ་སྡུག་བསྔལ་གྱི་རི་མོ་བྲིས་ཤིང་། ཁ་དོག་མེད་པའི་ཁོར་ཡུག་འདིའི་གྲུ་ཟུར་ནས་སྐྱབས་འཇུག་རེ་ཞུ་བཞིན། འཇིག་རྟེན་དཀར་ངོགས་དང་བྲལ་སོང་བའི་རང་ལ་ཆེས་ཞེ་བརྩེ་ཆེ་བའི་དྲིན་ཆེན་མ། ལན་རེར། ཡིད་ལ་འཁོར་ཞིང་། སྐབས་རེར་སེམས་སུ་ལྷུང་། དེའི་དུས། ངའི་སྡུག་བསྔལ་གྱིས་བསྐྲུན་པའི་ན་ཟུག་དེ་ཐེག་པར་དཀའ་ལ། བཟོད་པར་དེ་ལས་དཀའ། དེའི་དུས། ངའི་ངུ་སྡུག་གིས་མིག་ཆུ་རེ་མི་གཏོར་ཐབས་མེད་ཡིན་ལ། སྐྱོ་སྡུག་གིས་ངུ་བཤད་རེ་མི་རྒྱག་ལྡོག་མེད་ཡིན། དཀོན་མཆོག་མཁྱེན།

  • ལེ་ཚན་སྔོན་མ།:རང་གྲོལ་གྱི་ཉིན་གཅིག
  • ལེ་ཚན་རྗེས་མ།:འཇིགས་སྣང་དང་རེ་སྨོན།