འབའ་གཞས།

བཀྲ་ཤིས་དོན་གྲུབ།        2011-07-07

འབའ་གཞས་ནི་བོད་མི་རིགས་ཀྱིས་དགའ་བསུ་བྱེད་པའི་སྒྱུ་རྩལ་ཁྱད་དུ་འཕགས་པ་ཞིག་ཡིན།སྒྱུ་རྩལ་དེ་ནི་མདོ་དབུས་མཐོ་སྒང་དུ་གནས་པའི་བོད་ཁ་བའི་ལྗོངས་ཀྱི་ནང་གསེས་མདོ་ཁམས་སྤོ་འབོར་སྒང་དུ་དར་ནས་ལོ་ཆིག་སྟོང་ལྷག་འགོར།འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ནང་ངོ་སྤྲོད་བྱས་པར་གཞིགས་ན།འབར་གཞས་ཀྱི་འབྱུང་ཁུངས་ནི་འབའ་ཐང་ཡིན་ལ།དེང་སང་གི་བར་དུ་མ་ཉམས་གོང་འཕེལ་འབྱུང་སའང་འབའ་ཐང་ཡིན།འབའ་གཞས་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་ཡུལ་སྲོལ་གོམས་གཤིས་ཀྱི་རང་བཞིན་ཡང་ལྡན། གཞས་ཞེས་པ་ནི་གནའ་སྔ་མོ་ནས་བོད་མི་རིགས་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་རིག་རྩལ་ཞིག་ཡིན།གཞས་ཀྱི་ཐོག་མའི་དར་ཡུལ་དང་འབྱུང་ཁུངས་ལ་བཤད་སྲོལ་མང་པོ་ཞིག་མཆིས་མོད།དམངས་ཁྲོད་ཀྱི་བཤད་སྲོལ་ལ་འབའ་ཐང་ནི་གཞས་ཀྱི་འབྱུང་གནས་དང་དར་ཁྱབ་ཤིན་ཏུ་ཆེ་བའི་ས་གནས་ཤིག་ཡིན་པར་བརྗོད།གནའ་དུས་སུ་འབའ་ཐང་ནི་བོད་ལྗོངས་དང་ཡུན་ནན་སོགས་ཀྱི་མི་མང་པོ་འཛོམས་པའི་ས་གནས་གལ་ཆེན་ཞིག་ཡིན་ཏེ།འཇང་ས་དམ་རྒྱལ་པོའི་དུས་སུ་འཇང་མི་མང་པོ་ཞིག་འབའ་ཐང་དུ་ཡོང་ནས་འབའ་མི་དང་ལྷན་ཏུ་འཚོ་བ་ཡུན་རིང་བོ་རོལ་མྱོང་།དེ་ཚོས་བཟོས་པའི་བཟོ་བའི་ས་ཞིང་ཞེས་པ་དེང་སང་ཡང་འབའ་ཐང་རྫོང་དུ་མཐོང་རྒྱུ་ཡོད།དེའི་དུས་སུ་ཁོ་ཚོས་བག་སྟོན་དང་དགའ་སྤྲོའི་དུས་ཆེན་སྐབས་སུ་གཞས་ཀྱི་འཁྲབ་སྟངས་དང་ཚིག་གདངས་བཅས་སྦྱངས་པ་རེད།ཕྱིར་རང་རང་གི་ཡུལ་དུ་ལོག་སྟེ་འབའ་གཞས་དེ་རོལ་གར་གལ་ཆེན་ཞིག་ཏུ་བརྩིས་ནས་ལོ་སར་དང་དུས་ཆེན་སྐབས་སུ་འཁྲབ་སྟེ་རིམ་བཞིན་དར་ཁྱབ་བྱུང་བ་རེད།དེའི་རྐྱེན་གྱིས་འབའ་གཞས་དང་།ཡུན་ནན་བདེ་ཆེན་གྱི་གཞས་གཉིས་ལའང་འདྲ་ས་མང་པོ་ཡོད་དེ།གར་སྟབས་དང་དབྱངས་རྟ་སོགས་ཀྱང་ཕལ་ཆེར་གཅིག་འདྲ་ཡིན།
འབའ་གཞས་ཀྱི་འཕེལ་རྒྱས།
འབའ་གཞས་ནི་འབའ་ཐང་རྫོང་གི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གླུ་གཞས་མཐའ་དག་གི་བསྡུས་མིང་ཡིན་ཞིང་།འབའ་གཞས་དར་སྲོལ་བྱུང་བའི་ལོ་རྒྱུས་ནི་གོང་སྨོས་ལྟར་ཡིན།འབའ་ཐང་གི་ཡུལ་གྲུ་རུ་རྒན་མགོ་དཀར་ནས་གཞོན་སོ་དཀར་གྱི་བར་དུ་མི་མང་པོས་གཞས་འཁྲབ་ཤེས་པས།འབའ་ཐང་ལ་གཞས་ཀྱི་ཡུལ་ཁམས་ཞེས་ཀྱང་འབོད།གཞས་འཁྲབ་དུས་མི་གཅིག་གམ་གཉིས་གསུམ་གྱིས་པི་ཝང་བཟུང་ནས་གཞས་མགོ་ཁྲིད་རྗེས་གཞན་རྣམས་དེ་དག་གི་རྗེས་སུ་འབྲངས་ཏེ་བྲོ་གཞས་ཀྱི་རྣམ་པ་སྒོར་སྒོར་གྱིས་འཁྲབ་པར་བརྟེན་སྒོར་གཞས་ཞེས་ཀྱང་འབོད།འཁྲབ་མཁན་གྱིས་གར་འཁྲབ་དང་གླུ་ལེན་མཉམ་དུ་བྱེད་ཅིང་།གཞས་གདངས་ཀྱི་དབྱངས་ཇི་ལྟར་མྱུར་ན།གོམ་པའི་སྟངས་སྟབས་ཀྱང་དེ་ལྟར་མགྱོགས།གཞས་ཚིག་གི་ནང་དོན་ཡང་ཕུན་སུམ་ཚོགས་པ་ཡོད།
འབའ་གཞས་འཁྲབ་སྟངས་དང་དབྱངས་རྟའི་སྐོར།
སྔར་དུས་ཀྱི་གོམས་སྲོལ་ལྟར་ན།འབར་གཞས་འཁྲབ་དུས་ཕོ་མོའི་ཉམས་འགྱུར་མི་མཚུངས་ཏེ།སྐྱེས་པ་དག་གིས་ལག་པ་མཐོན་པོར་འགྱོག་དགོས་པ་དང་།བུད་མེད་རྣམས་ཀྱིས་གོམ་པ་ཆུང་ཆུང་དང་ལུས་པོ་ཅུང་སྒུར་དགོས།གླུ་ལེན་དུས་ཀྱང་སྐད་གདངས་དལ་ཞིང་རིང་བའི་སྒོ་ནས།ངག་འགུགས་ན་རྒྱ་མཚོའི་མཐའ་ནས་འགུགས།གླུ་ལེན་ན་རི་མགོའི་རྩེ་ནས་ལེན།ཞེས་ལེན་པར་བྱེད།
 གཞས་ཚིག་གི་ཁྱད་ཆོས།
སྔར་དུས་སུ་འབའ་གཞས་ཀྱི་གཞས་ཚིག་གི་ནང་དོན་གཙོ་བོ་མི་དམངས་ཀྱི་སྐྱིད་སྡུག་དང་།དེ་དུས་ཀྱི་སྤྱི་ཚོགས་རྣམ་པ་མཚོན་ཞིང་།དེང་སྐབས་ཏང་གི་བཀའ་དྲིན་ཆེན་པོའི་འོག་ཏུ་བོད་མི་དམངས་ཀྱི་འཚོ་བ་དབྱར་མཚོ་ལྟར་རྒྱས་པའི་རྣམ་པ་དང་།མེས་རྒྱལ་ལ་བསྟོད་པ།གུང་ཁྲན་ཏང་ལ་བསྟོད་པ།མི་རིགས་མཐུན་སྒྲིལ་ལ་བསྟོད་པ་བཅས་ཀྱི་གཞས་ཚིག་ནང་དོན་ཕུན་སུམ་ཚོགས་པ་ཡོད།
གཞས་པའི་གྱོན་གོས་ཀྱི་ཁྱད་ཆོས།
གཞས་འཁྲབ་པའི་དུས་སུ་གྱོན་པའི་རྒྱན་ཆས་ཀྱིས་སྤྱི་ཚོགས་ཀྱི་འཕེལ་རིམ་དང་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་བྱུང་བ་མངོན་པར་མཚོན་ཐུབ་སྟེ།རྒན་རབས་པ་རྣམས་ཀྱིས་བཤད་པ་ལྟར་ན།གནའ་དུས་སུ་མི་རྣམས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པས་བག་སྟོན་དང་དུས་ཆེན་སྐབས་གོས་ཧྲུལ་གྱོན་ནས་གཞས་འཁྲབ་པར་བརྗོད།དེང་སང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་བརྟེན།གཞས་པའི་ལུས་སུ་གོང་གཤམ་ལ་གཟིག་དང་སྟག་སྲམ་གྱི་པགས་པས་བརྒྱན་པའི་ཚར་གོས་གྱོན།མགོ་ལ་གྲ་ཁ་ལེགས་པའི་ཝ་ཞྭ་གྱོན་ནས་གཞས་འཁྲབ་པར་བྱེད་པས།སྤྱི་ཚོགས་འཕེལ་རྒྱས་བྱུབ་བ་མངོན་པར་མཚོན་ནོ།།           (རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:འབའ་གཞས་ཀྱི་བྱུང་འཕེལ་དང་རིགས་དབྱེ།སྒྱུ་རྩལ་བཅས་ལ་རགས་ཙམ་དཔྱད་པ།
  • ལེ་ཚན་རྗེས་མ།:ནང་མ།