​སྟོན་མཇུག་གི་ལས་འཕྲོ།

གངས་ཐིགས།        2020-12-07

སྟོན་ལོ་ས་རུ་ཟགས་དུས་སྨྲེང་སྐྱོ་གང་མང་ཞིག་ནང་སེམས་སུ་ལོ་མ་ལྟར་འཐོར་དུས། དེ་ནི་ལོ་ཟླས་བཏེགས་པའི་གཏམ་རྒྱུད་ཅིག་གི་གོ་རིམ་སུས་བགྲང་གིན་མཆིས། དེ་ནི་ལས་འཕྲོ་ཞིག་གི་གོ་རིམ་ལ་དབུ་འཁྱུད་འབྲི་མགོ་བརྩམས་པས་ཡིན། སྟོན་ཁས་འུ་གཉིས་ཀྱི་ནང་སེམས་སུ་བྱབས་ཁྲུས་ཐེངས་ཤིག་བྱས་པས། ནང་སེམས་ཀྱི་དགའ་སྐྱོ་ཡོད་ཚད་སྟོན་ཁ་ཞེས་པའི་དུས་ཚིགས་ཤིག་གིས་བསྔོགས་ཚར་སོང་བ་འདྲ།

འུ་གཉིས་ཀྱིས་སྟོན་ཁའི་དུས་ཚིགས་ཤིག་ལ་ལས་འཕྲོ་བཏབ་ཡོད་པས་རྐྱེན་ནམ། སྟོན་མཇུག་གི་དུས་ཚིགས་ཤིག་ལ་ངོ་ཤེས་སུ་གྱུར་བ་མ་ཡིན་ནམ། དུས་དེར། སྟོན་མཇུག་གི་རླུང་བུས་ལྗོན་ཤིང་གི་ཡལ་ག་བསྒུལ་ནས་ལོ་མ་འགའ་ས་རུ་སྟིམ་ཞིང་། འབྲུ་དྲུག་གི་སྙེ་མའི་སྐྱོ་ཉམས་ཀྱིས་མགོ་འཕང་མཁའ་རུ་བཏེགས་ནས་སུ་ཞིག་ལ་སྐྱོ་ཉམས་ཀྱིས་གྱེས་བརྡ་བཞག་པ་དང་འདྲ་བའི་ཉམས་སྣང་དོད་པོ་ཞིག ད་དུང་། སྐྱི་བསེར་གྱི་རླུང་བུས་གར་ཡོང་མི་ཤེས་པའི་ལས་འཕྲོ་ཞིག་ཁུར་ནས་འུ་གཉིས་ཀྱི་ལས་སུ་བཏབ། དེ་ནི་འུ་གཉིས་ཀྱི་སྟོན་མཇུག་གི་ལས་འཕྲོ་རུ་གྱུར་སོང་བ་མ་ཡིན་ནམ།

དུས་དེ་ནས་བཟུང་། ཁྱེད་རང་ངའི་ནང་སེམས་ཀྱི་རྩྭ་ཐང་དུ་རྒྱན་གོས་ཀྱི་འཕྱོར་ལྭ་མནབས་ནས་ཕེབས་ཤིང་། ངས་དྭངས་གཙང་གི་སེམས་ངོགས་སུ་བརྩེ་དུང་གི་སྐྱེམས་ཆང་བཏེགས་ནས་ཕེབས། ལོ་ཟླའི་ལྟེབས་ཁུགས་སུ་བརྩེ་དུང་གིས་རི་མོ་བྲིས་ཤིང་། ནང་སེམས་ཀྱི་ཟབ་ས་རུ་ལས་སྐལ་གྱིས་ས་བོན་བཏབ། ཁྱེད་དང་ང་ལོ་ཟླ་དེར་གཏམ་རྒྱུད་ཅིག་གི་ལྷག་འཕྲོ་རུ་གྱུར་ཅིང་། ལོ་ཟླ་ཞིག་གི་གནའ་གཏམ་དུ་འཁྲུངས།

ལོ་དེ་ནས་བཟུང་། ངའི་ཁྱོད་རང་ཞེས་པའི་ཐ་སྙད་ཅིག་སེམས་སུ་བྲིས་ཤིང་། ཡིད་དུ་བསྐུངས། ཁྱོད་ནི་ངའི་སེམས་ངོགས་ན་འཛུམ་པའི་དམར་ཆུང་དེ་ཡིན་ལ། ཁྱོད་ནི་ངའི་མིག་ལམ་ན་བཞད་པའི་མེ་ཏོག་དེ་ཡིན། ལན་རེར་འཛུམ་མདངས་ཀྱིས་ལྷུག་ལྷུག་བཞད་ཀྱང་། ལན་རེར་སྐྱོ་སྣང་གིས་མིག་ཆུ་ཉིལ་ཉིལ། ཁྱོད་ཀྱི་གཤིས་ཀ་དེ་ང་ཡི་སེམས་སུ་འཁྲུངས་ཤིང་། ང་ཡི་གཏམ་རྒྱུད་དེ་ཁྱོད་ཀྱིས་སེམས་སུ་བརྐོས།

མཚམས་རེར་ཁྱོད་ཀྱིས་ངུ་སྡུག་གི་དངན་པ་འཐེན་ཞོར་མགོ་བོ་བདག་གི་བྲང་ཁར་གླན་ནས་སེམས་ངལ་གསོ་ཞིང་། ལན་རེར་ཁྱོད་ཀྱིས་ཚེམས་དཀར་གྱི་སོ་ཕྲེང་བར་ནས་འཛུམ་ཆུང་གི་མེ་ཏོག་བསྟན་ནས་ང་རང་དགོད་དུ་བཅུག ཁྱེད་ཀྱི་ལྷད་མེད་དྭངས་གཙང་གི་རང་གཤིས་འཇམ་པོས་ངའི་བརྩེ་སེམས་ཀྱི་སྣང་བ་བསྒུལ་ཅིང་། ཁྱེད་ཀྱི་ཐོག་མའི་བརྩེ་དུང་གི་རི་མོའི་རྣམ་བཞག་ངའི་སེམས་པའི་གཏིང་ངོགས་སུ་དཔར། ངའི་སེམས་པའི་ཟབ་ས་ན་འབུས་པའི་དུང་སེམས་ཀྱི་བརྩེ་འདང་ཟབ་མོ་རང་དབང་མེད་པར་ཁྱོད་ཀྱི་ལང་ཚོར་འཁྱུད།

ཁྱོད་རང་འཛུམ་དམུལ་ལེར་དབྱར་ཟླ་དྲུག་པའི་མེ་ཏོག་བཞིན་ངའི་བྲང་གཞུང་ནས་ལྷོད་ཀྱིས་བཞད་ཀྱང་། ཁྱོད་རང་སྐར་ཆེན་བཞིན་ངའི་སྣང་བའི་ཕོ་བྲང་དུ་འོད་ཀྱིས་འཚེར། ཁྱེད་ཀྱིས་ནམ་ཡང་ཡལ་མི་སྲིད་པའི་བརྩེ་འདང་གི་བག་ཆགས་ཤིག་ང་ལ་ཐོལ་གྱིས་བསྐྲུན། སྙིང་ཉེ་བའི་མི། ངས་དབྱར་གཞུང་གི་དུས་ཚིགས་འདིར་མེ་ཏོག་གི་མགུལ་རྒྱན་ཞིག་བསླས་ནས་ཁྱོད་ཀྱིས་མགུལ་དུ་བསྒྲོན་ན་བསམ།

  • ལེ་ཚན་སྔོན་མ།:ཚེ་ཕྱེད་རྫོགས་པའི་མི་ཚེ།
  • ལེ་ཚན་རྗེས་མ།:སྙན་ངག་གི་ལམ་ཕྲན།