ཟླ་བརྒྱད་པའི་བརྩེ་དུང་།

གནུབས་རྒྱལ་མཚན།        2020-12-07

འགྱུར་ནི་མི་དཔེ་ཚེ་གང་ཡིན་ཞེས་བཞག་པའི་དམ་བཅའ་འགྱུར་སོང་ངོ་།།

གཏོང་ཡང་མི་སྲིད་ཁྱིམ་གཅིག་འཛོམས་ཞེས་དུས་བཅད་ཁ་ཕྱོགས་བོར་སོང་ངོ་།།

ཆུང་ནས་འདྲིས་ཤིང་སེམས་ཀྱིས་འཚོས་པའི་གོམས་གཤིས་དེ་ཡང་དོར་སོང་ངོ་།།

དབྱར་ཟླ་བརྒྱད་པའི་ཁོ་བོའི་བརྩེ་དུང་སྨག་གནག་སྟུག་པོའི་རླངས་པའོ།།

ང་ནི་ཁྱོད་དགའ་ཚེ་གང་འགྲོགས་ཞེས་བཤད་པའི་སྙིང་གཏམ་ཤི་སོང་ངོ་།།

ཁྱོད་ཀྱང་ངའི་ཡིན་སེམས་ཀྱི་ནོར་ཞེས་བརྩིས་པའི་རིན་ཐང་ཆག་སོང་ངོ་།།

གནའ་ནས་འགྲོགས་ཤིང་མིག་གིས་གཉོར་བའི་ཕྱི་ཐག་དེ་ཡང་ཆད་སོང་ངོ་།།

དབྱར་ཟླ་བརྒྱད་པའི་ཁོ་བོའི་བརྩེ་དུང་དབུགས་རྒྱུན་ཆད་པའི་བེམ་པོའོ།།

ལས་ཀྱི་མེ་ཏོག་མཉམ་དུ་བཏུ་ཞེས་བརྗོད་པའི་ཞེ་ཚིག་གཡུགས་སོང་ངོ་།།

འཁོར་བའི་མེ་ཕུང་ལྷན་གཅིག་འབུད་ཅེས་བཅོལ་བའི་འདུན་མ་བསྐྱུར་སོང་ངོ་།།

རིང་ནས་བརྩེ་ཞིང་རུས་པའི་བསྐྱོར་བའི་གཏན་ཚིགས་དེ་ཡང་ཞིག་སོང་ངོ་།།

དབྱར་ཟླ་བརྒྱད་པའི་ཁོ་བོའི་བརྩེ་དུང་ཤི་རྨས་ཐེབས་པའི་རི་དྭགས་སོ།།

རྨི་ལམ་གཏོང་ཞོར་ཁ་འགྲམ་གཤིབ་པའི་ལོ་ཟླའི་ཕྲེང་ཐག་བཅད་སོང་ངོ་།།

སེམས་ངོ་བརྗེ་ཞོར་བསམ་པ་རྫོགས་པའི་དྲན་པའི་རི་མོ་ཡལ་སོང་ངོ་།།

ཆང་མར་མཆོད་ཅིང་ཡིད་ཀྱི་གུས་པའི་དད་དབྱངས་དེ་ཡང་འཇགས་སོང་ངོ་།།

དབྱར་ཟླ་བརྒྱད་པའི་ཁོ་བོའི་བརྩེ་དུང་འབྱུང་བཞིས་རྒོལ་བའི་སྐྱེ་ཁམས་སོ།།

དག་པའི་བྱིས་བློའི་བརྩེ་ཆང་དྭངས་མོ་མཉམ་དུ་བླུགས་ཀྱང་གཞན་གྱིས་འཐུང་།།

གཞོན་པའི་སྣང་བའི་འདང་ཞེན་ཟབ་མོ་ལྷན་དུ་སྨིན་ཡང་གཞན་གྱིས་བཏུས།།

དེང་མའི་འདང་གི་བག་ཆགས་མཐུག་པོ་སེམས་སུ་སྦས་ཀྱང་གཞན་གྱིས་བརྐུས།།

ཉི་མས་ཚིག་ཅིང་ཐལ་བར་བསྲེགས་པའི་བརྩེ་དུང་མེ་ཏོག་རྙིད་རོ་འདྲ།།

མི་ཁའི་མེ་ལྕེ་ཅི་ཙམ་ཚ་ཡང་ཚ་སྙིང་འདོད་པས་གདོང་དུ་བླངས།།

བར་ཆད་ཆར་རླུང་ཇི་ལྟར་རྒོད་ཀྱང་རྒོད་ཞེན་ཆེ་བས་ལུས་སུ་བགོས།།

འོན་ཏེ་ལས་ཀྱི་འཕྲུལ་རྟོག་གར་མས་གཡོན་མའི་བརྫུ་བག་ལྷུར་བཞེས་སོ།།

ཙག་གིས་ཕྱིད་ཅིང་ཤང་ཤང་འཁུམས་པའི་བརྩེ་དུང་ཤུག་སྡོང་སྐམ་པོར་མཚུངས།།

དབྱར་ཁའི་ནམ་ཟླའི་ངོ་མདངས་གསལ་ཡང་ང་ཡི་བརྩེ་དུང་སྨུག་པ་ཆུ།།

དབྱར་ཟླའི་ཉི་འོད་ཟེར་མ་དྲོ་ཡང་ང་ཡི་བརྩེ་དུང་འཁྱགས་པ་རྡོ།།

དབྱར་གྱི་མཛེས་སྡུག་མངོན་པར་འཕགས་ཀྱང་ང་ཡི་བརྩེ་དུང་ཆང་གི་མེ།།

དབྱར་ཟླ་བརྒྱད་པ་ཉམས་ཀྱིས་འབྱོན་ཡང་ང་ཡི་བརྩེ་དུང་རྒུད་པའི་ཤིང་།།

  • ལེ་ཚན་སྔོན་མ།:དགུན་ཁ་ཧྲིལ་བོ།
  • ལེ་ཚན་རྗེས་མ།:མི་ལ་རས་པའི་ སྙིང་རུས།