ན་ཚོད་བགྲེས་སོང་གི་མི།

གངས་གཞུག་ཐར།        2020-12-02

དབྱར་གཞུང་གི་ཉི་མ་དྲོ་དྲགས་སོང་བས་ལན་ནམ་ངས་ཁྱེད་ཀྱི་ངོ་གདོང་ལ་ལྟ་ཡིན་ལྟ་ཡིན་རང་ཉིད་ཀྱང་ཤིན་ཏུ་གནག་ཁ་བཙན་པ་ཞིག་ཏུ་འཁྲུལ་སོང་། ངས་མ་གཞི་ནས་ཤེས་ཡོད། ང་ལ་གཞན་བསྟུན་དང་གཞན་སྲུང་གི་གཤིས་ཀ་མེད་པས་ང་ནི་གཞན་བརྩི་ཡི་བསམ་བློ་དེའི་ཉེས་ཅན་པ་ཞིག་ཏུ་གྱུར་དང་འགྱུར་བཞིན་མཆིས། ནག་ཉེས་འདིའི་དབང་གིས་ངས་རང་ཉིད་ནི་ད་དུང་མི་ཁའི་ཕྱི་ནང་གི་བར་དུ་ལྷག་ལུས་སུ་གྱུར་ཡོད་པ་ཤེས། འོན་ཀྱང་། ཁྱོད་ནི་དེ་དང་ཤིན་ཏུ་ནས་མི་མཚུངས་ཏེ། ཁྱེད་ཀྱིས་རང་ཉིད་ཀྱི་དུས་ཚོད་དང་ལང་ཚོ། ཐ་ན་ཚེ་སྲོག་ཀྱང་རང་ཁོ་ནས་བཀོལ་འདོད་ཀྱི་བསམ་པ་ལས་བརྒལ་ཏེ་གཞན་གྱི་ལོངས་སྤྱོད་དུ་བཤམས་སོང་། དེ་བས་ངས་རླབས་ཆེ་བ་ཞིག་མཐོང་བ་ནི་ཁྱོད་ལ་དབང་བའི་རང་ཉིད་དེ་ཕ་མ་དང་བུ་ཚའི་དོན་དུ་སེར་སྣ་ཕྲན་བུ་ཙམ་ཡང་མེད་པར་མཆོད་པ་ཕུལ་བ་དེ་རེད།

ཡིན་ན་ཡང་། ངས་སྔ་མོ་ནས་བསམ་གཞིག་གི་སྒོ་མོ་རྡུང་མྱོང་ས་ཉག་གཅིག་ཡོད་པ་ནི་མི་ནི་ཇི་ལྟར་ཉེ་བར་བཅར་ཚེ་དེ་ལྟར་འཇིགས་སྣང་ཆེ་ཞིང་ག་ཙམ་རྒྱང་དུ་བཀྱེད་ན་དེ་ཙམ་སྙིང་ལ་ཉེ་བའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་འདུག་པ་འདི་ཡིན། དེར་མ་ཟད་མི་ནི་དྲིན་མི་ཚོར་བའི་སྤྱང་ལྟོགས་ཤིག་དང་ཡང་མཚུངས་ཏེ་ཁྱོད་ཀྱིས་ཞེ་འདང་གི་ལུ་གུ་ཇི་ལྟར་དྭངས་གཙང་གིས་ཕུལ་ནའང་། ཁོ་པ་ཅག་ལ་མཚོན་ན་ཁྱོད་ཀྱི་ཞེ་འདང་ལ་མིག་ཆུ་རྡོག་གཅིག་དང་ཞེ་ཚིག་རྐང་གཅིག་གི་དོ་ཟླའང་མི་འདུག་སྟབས་དྲིན་བྱས་ཀྱི་དྲིན་ལན་ཉག་གཅིག་ནི་སྙིང་རྗེ་དང་བྲལ་ཞིང་ཆེས་གདུག་རྩུབ་ཀྱིས་བྲིན་པའི་མངོན་ལྐོག་གཉིས་འགལ་གྱི་ལོག་སྤྱོད་དང་ངན་སྤྱོད་དེ་དག་རེད། དེ་ལྟར་ནའང་། མཁྲིག་མའི་གདུ་བུ་དེའི་སྟེང་གི་ཨང་ཀི་ཉེར་བཞི་དེ་སྔར་བཞིན་གཙང་བོ་བཞིན་བཞུར་གྱིན་འདུག་ལ་དེའི་ཁྲོད་དུ་མདའ་རྩེ་གསུམ་པོའང་རླབས་ཕྲེང་ལྟར་གཅིག་རྗེས་གཉིས་མཐུད་དུ་ཡུད་ཙམ་ཡང་མི་སྡོད་པར་འགྲོ་བཞིན་འདུག་པས་ད་ནི་འུ་གཉིས་ལ་ཉིན་ཞག་ག་ཙམ་གྱི་འཚོ་བ་ལྷག་ཡོད་མེད་ང་ལ་སེམས་ཁྲལ་ལང་གི་འདུག་ཨང་།

ཨ་ཕྱི། ད་ནི་འུ་གཉིས་ཕྱིར་རང་ཁྱིམ་དུ་ལོག་འགྲོ། འུ་གཉིས་དྲིན་ལན་མི་ཚོར་བའི་མི་ཚོགས་འདི་དང་འུར་ཟིང་གིས་ཟིན་པའི་འཚོ་བའི་དྲ་རྒྱ་འདི་ལས་ཕྱིར་འབུད་དུ་གཏོང་འགྲོ། ཆེས་ལྷིང་འཇགས་དང་ཅི་བྱེད་རང་དབང་ན་ཡོད་པའི་གནས་གཞན་ཞིག་ཏུ་འབུད་འགྲོ། ངས་བསམ་ན་དེ་རུ་སྦྲ་ནག་དང་ལུག་ཁྱུ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་གིས། ང་ལ་མཚོན་ན་དེ་རུ་འུ་གཉིས་ལ་དབང་བའི་ཁུ་སིམ་ཞིག་དང་འཚོ་བ་ཞིག་ཡོད་པས་ཡིད་སེམས་རབ་ཏུ་ཚིམ་གྱིན་གདའ། ཁྱོད་ཀྱིས་གཞིག་དང་གོམ་པ་འཁྱར་འཁྱོར་ཞིག་སྤོ་ཐུབ་བའི་ལོ་ཟླ་དེ་ནས་བཟུང་ཁྱོད་ཀྱིས་རང་ཉིད་ཀྱི་མཐའ་མཇུག་ལ་འདང་ཅི་ཡང་མ་རྒྱག་པར་ཡོད་ཚད་དེ་རང་ཉིད་ལ་དགའ་བ་འདྲ་ལ་མི་དགའ་བ་འདྲ་བའི་མི་དེ་ཚོའི་ཆེད་དུ་བློས་བཏང་བྱས་ནའང་དབུ་སྐྲ་དཀར་པོར་གྱུར་བའི་ད་ཚོད་ཅིག་ལ། དུས་ཚོད་ཀྱིས་མ་འདང་བ་མིན་པར་མིའི་རིགས་ཀྱི་ཧམ་སེམས་ལ་ཡིད་ཁ་གང་བའི་ནོམ་པ་ཅི་ཞིག་སྟེར་ཀྱང་ད་ནི་ཧམ་སེམས་ཀྱི་གཞོང་པ་དེ་དག་གི་ཁ་བཀང་བའི་ནོམ་པ་ཅི་ཡང་འུ་གཉིས་ལ་ལྷག་མི་འདུག་པས་འུ་གཉིས་ཀྱིས་མིའི་རིགས་ཀྱི་དངངས་སྐྲག་ལྡན་པའི་འདོད་རྔམ་དེ་དག་རྒྱབ་ཏུ་བསྐྱུར་ཏེ་འབུད་འགྲོ། ད་ནི་འུ་གཉིས་ཕྱིར་རང་ཁྱིམ་དུ་ལོག་འགྲོ།

ཨ་ཕྱི། ངས་ཉིན་གཅིག་ལ་ཁྱོད་ཀྱི་མིག་ཟུང་ལས་ཉམ་ཐག་པའི་འཚོ་བ་ཞིག་དང་ཞེ་སྐྱོ་བའི་དུས་ཚོད་ཅིག་མཐོང་སོང་། ཉིན་དེར་ཅུང་ཙམ་འཐུག་ཚད་དུ་ཟིན་པའི་མིག་གི་རྔུ་མ་དེ་དག་མཐོང་བས་ངའི་སེམས་སུ་རང་ཉིད་ཀྱང་ཁྱོད་ཀྱི་ན་ཚོད་འདི་འདྲ་ཞིག་ལ་སླེབས་དུས་ཅི་འདྲ་ཞིག་ཏུ་གྱུར་ཡོད་ཨང་བསམས་ནས་འཆི་བ་མི་རྟག་པའི་དངངས་སྐྲག་ཅིག་སེམས་ལ་བུ་ཡུག་བཞིན་འཚུབས་བྱུང་། ཁྱོད་ཀྱི་མིག་སྒོ་ནས་ངང་སྐྱའི་མདངས་འཛིན་པའི་འོ་མ་ལྟར་གྱི་མཆི་མ་ཞིག་རིམ་བཞིན་སྣ་ཟུར་དང་སོའི་སྐྱིབས་ཀྱི་མཚམས་ནས་ཅུང་ཟད་གུག་སྟེ་པང་དུ་ལྷུང་དུས་ངས་ད་གཟོད་ཁྱོད་ཀྱི་ཡ་ཁོག་ན་ད་དུང་དེ་ལས་བགྲང་འདས་ཀྱི་མིག་ཆུ་མང་པོ་ཞིག་དང་དེ་ལ་ཐིམ་པའི་སྐྱོ་གདུང་གང་མང་ཞིག་ཉར་ཡོད་པ་ཚོར་གྱིན་འདུག མ་ཟད་མིག་ཆུ་རྡོག་གཅིག་དེ་ངའི་སེམས་ཀྱི་མཐིལ་དུ་ལྷུང་སོང་བ་དང་ཡང་འདྲ་སྟེ་མིག་ཆུ་དེས་སྐད་ཅིག་དེ་ཉིད་དུ་ང་ལ་སེམས་རྩ་སྨག་གིས་ཟིན་པའི་འདས་དོན་མང་པོ་ཞིག་དང་འཚོ་བ་གང་མང་ཞིག་གོ་རིམ་མེད་པར་དྲན་པར་བྱས་སོང་།

ཡིན་ན་ཡང་། ཨ་ཕྱི་ལགས། ལོ་ན་བགྲེས་པའི་ཁྱོད་ཀྱི་ལག་ཟུང་གིས་འཚོ་བ་ཡི་ག་འགག་པའི་ང་ལ་ད་དུང་ཡིད་ཆད་མི་རུང་བའི་བརྡ་ལན་ཞིག་ལྐོག་གྱུར་གྱི་ཚུལ་དུ་སྤྲོད་ཀྱིན་པ་འདྲ་སྟེ། ཧ་ཅང་སེར་ཀ་མང་ཞིང་མཛུབ་མོའི་རུས་ཚིགས་རེ་རེའང་འབུར་ཚུགས་སུ་དོད་དེ་ཕར་བལྟས་པའི་ཚོད་ལ་སྲ་ཆ་ཅི་ཡང་མི་འདུག་པ་འདྲ་བའི་ལག་ཟུང་གིས་ད་དུང་ཨུ་ཚུགས་ཀྱིས་འཁར་བ་ལ་འཇུ་བཞིན་འདུག་པ་དེས་ང་རང་ད་ལྟ་ནས་འཚོ་བ་ལ་ཡིད་ཆད་བྱུང་བ་ནི་འཚོ་བར་འགན་མ་ཁུར་བའི་རྣམ་པ་ཞིག་ལས་ཅི་ཡང་མཚོན་མི་འདུག་སྙམ་པའི་འདུ་ཤེས་ལང་ངེ་བ་ཞིག་སྐྱེ་རུ་བཅུག་སོང་། མ་ཟད་ཨུ་ཚུགས་ཀྱིས་འཁར་བར་འཇུ་སྟངས་དེ་ཡིས་ང་ལ་སྔར་མེད་ཀྱི་སྤོབས་སེམས་མང་པོ་ཞིག་ཀྱང་བསྩལ་སོང་བས་རབ་རིབ་ཀྱི་འཚོ་བ་དེ་དག་གི་ངོ་གདོང་ཡང་ཅུང་ཟད་ཇེ་གསལ་དུ་ཕྱིན་པ་འདྲ། འོན་ཏེ། ཨ་ཕྱི་ལགས། ངའི་ནང་སེམས་སུ་ཡུན་རིང་ལ་ཚེས་པའི་གདུང་ཡུས་ཀྱི་སྨུག་པ་དེ་དག་འཐུག་ཚད་ག་ཙམ་ཞིག་ཏུ་ལོན་ཡོད་པ་ཁྱོད་ཀྱིས་ཨེ་ཤེས། མིན་མིན། ངས་ཁྱེད་ལ་སྨྲེང་གཏམ་བཤད་མི་རུང་ཁྱོད་ཀྱིས་ང་ལ་རེ་བ་དང་འཚོ་བ་ལ་སྙིང་བོ་བསྩལ་བའི་གནའ་སྒྲུང་རིང་མོ་ཞིག་ཤོད་དང་། ང་ཡིས་ཁྱེད་ལ་རྣ་བ་གཡར་ཆོག

  • ལེ་ཚན་སྔོན་མ།:ཨ་མའི་སེམས་ཤུགས།
  • ལེ་ཚན་རྗེས་མ།:ཚེ་ཕྱེད་རྫོགས་པའི་མི་ཚེ།