བདེན་པར་མ་གྲུབ་པའི་སྙན་ངག

དུ་སྤྲིན།        2020-12-02

མཚན་མོ་གཉིད་ཁུག་གི་རྨི་ལམ་དུ།

ཁྱོད་ཀྱིས་ང་རང་ལ་རྩྭ་ཐང་ཞིག་ཁྱེར་ནས།

ལྷིང་འཇགས་ཀྱི་འཚོ་གནས་སུ་བྱིན།

རྩྭ་ཐང་དུ་ལུག་ཁྱུས་གཏམས་པ་ཞིག་བྱིན།

ལུག་ཁྱུ་རེ་རེའི་འབའ་སྒྲས་ང་རང་གཉིད་ལས་སློང་མ་ནུས།

ཞོགས་པ་འཕྲུལ་འཁོར་གྱི་སྐད་སྒྲས།

ང་རང་ལྷོད་ལྷོད་ངང་གཉིད་ལས་སད་མ་བཅུག

ཡིན་ནའང་ང་རང་རྩྭ་ཐང་དང་ཁ་གྱེས་ནས་ཡུན་རིང་འགོར་ཟིན།

མཚན་མོ་གཉིད་ཁུག་གི་རྨི་ལམ་དུ།

ཁྱོད་ཀྱིས་ང་རང་ལ་འཛུམ་མདངས་ཤིག་ཁྱེར་ནས།

འུ་གཉིས་ཀྱི་ཕན་ཚུན་ལ་མཛའ་བརྩེ་མཚོན་བྱེད་དུ་བྱིན།

ངས་འཛུམ་མདངས་དེ་ཚུར་བླངས་ནས།

སེམས་ཀྱི་བུམ་ནང་དུ་བླུགས།

ཞོགས་པ་དེར། ངས་སེམས་ཀྱི་སྒོ་མོ་ཆེས་ཆེར་ཕྱེས་ནས་བཙལ་དུས།

ཁྱོད་ཀྱི་འཛུམ་མདངས་རྙེད་མ་ཐུབ།

མཚན་མོ་གཉིད་ཁུག་གི་རྨི་ལམ་དུ།

ཁྱོད་ཀྱིས་ང་རང་ཁྲིད་ནས་མེ་ཏོག་གླིང་གར་སོང་།

ཡིད་དུ་འོང་བའི་མེ་ཏོག་ཅིག་བཏུས་ནས།

ངའི་མགོ་སྐྲ་སྟུག་པོའི་རྩེར་སྒྲོན།

ཕྱི་ཉིན་གཉིད་ལས་སད་རྗེས།

ང་རང་ཨར་འདམ་གྱི་གྲོང་གསེབ་ཏུ་ལྷུང་འདུག

  • ལེ་ཚན་སྔོན་མ།:ཤམ་བྷ་ལའི་རྨི་ལམ། གྲོགས་དམ་པ་ཟླ་གཞོན་ལ་ཕུལ་བ།
  • ལེ་ཚན་རྗེས་མ།:ཨ་མ་དང་ངའི་ཉིན་ཐོ།