དབྱངས་དཀར་མོ།

དབུ་འཇིགས་མེད།        2020-11-27

ཟླ་འོད་དྭངས་ཤིང་གསལ་བའི་འགྲམ་ངོགས་སུ།།

མྱི་ཚོགས་སྤྲིན་དཀར་དུམ་བུ་འགུལ་འགུལ་བྱེད།།

དབྱངས་ཀྱི་ཚེ་སྲོག་ཕྲ་མོ་མ་འགགས་བར།།

མཚན་ལ་བཏབ་པའི་ཟློས་གར་ངག་ལ་སྦྱར།།

ཡིད་འོང་རབ་མཛེས་མཚན་མོ་འུག་པའི་མགུར།།

མི་རྟག་སྒྱུ་མའི་ཆོ་འཕྲུལ་བཞིན་དུ་སྦྱར།།

མཚན་མོ་རྨི་ལམ་རབ་རིབ་སེམས་སུ་འཁྱིལ།།

འཁྲུལ་སྣང་རྟོག་པའི་བཏགས་པ་མ་ཤེས་མོད།།

ཡིད་ཀྱི་མེ་ཏོག་འཛུམ་པའི་མུན་ནག་ཁྲོད།།

ཆུ་དང་ཆར་བ་འདྲེས་པའི་བར་མཚམས་ན།།

དགའ་སྐྱོ་འདྲེས་པའི་གཏམ་རྒྱུད་མང་ཙམ་གླེང་།།

ཟླ་འོད་མེད་པའི་མཚན་ལམ་རིང་མོ་བསྐྱལ།།

སེམས་པ་ནམ་མཁར་བཏེགས་ཏེ་ཟླ་བ་དྲན།།

སྣང་བའི་སྟོང་ཆེན་ཉི་ཟླའི་གཞིས་ཁྱིམ་ཡིན།།

དེ་ན་འཛོམས་པའི་ཉི་ཟླའི་སྨོན་ལམ་ཡག།

སྨོན་ལམ་བཀྲ་ཤིས་གཡང་དྲུང་རི་མོ་བརྟན།།

སྣང་བ་དགུང་ལ་བཏེགས་ཏེ་སྨིན་དྲུག་བསུ།།

སྟོང་ཆེན་གཡོ་བའི་རྨི་ལམ་དགུ་མཚར་ཞིག།

ངག་རིག་གཙང་བོ་བརྒྱུད་དེ་མདོ་ཙམ་གླེང་།།

མཚན་ལམ་རིང་མོར་བསྟུན་ནས་ངག་གིས་སྨྲ།།

སྐྱོ་བའི་ཟློས་གར་ཞིག་གིས་མཚན་ལམ་བསྐྱལ།།

ཟླ་མེད་ཤུགས་གླུ་རིང་མོའི་རང་སེམས་གསོ།།

ལྷིངས་འཇགས་མུན་པའི་ཁྲོད་ནས་དྲན་ཐོ་བྲིས།།

ཟླ་བོ་གཡུ་དཀར་ལྷ་མོ་བསྐུར་སྙིང་འདོད།།

ཡིད་སེམས་འདི་ཟླ་བ་བཞིན་དཀར་ཞིང་།།

ཟླ་བ་འདིའི་དཀྱིལ་འཁོར་ནང་བཞུགས་པའི།།

གཡུ་དཀར་མོ་འདིའི་བརྩེ་བ་འཁྱིལ་ས།།

སེམས་གངས་དཀར་འདིའི་ཕྱི་ནང་ཡིན་སོང་།།

ས་ཆེན་པོ་གཡོགས་པའི་མེ་ཏོག་པད་མ།།

གཡུ་སྦྲང་མའི་བརྩེ་བའི་སྙིང་བཅུད་ཡིན་ན།།

སྡེ་ཆེན་པོ་འཛོམས་པའི་སྙིང་སྡུག་སྒྲོལ་མ།།

སེམས་བརྩེ་བ་འདིའི་བདག་མོ་ཡིན་སྐད།།

  • ལེ་ཚན་སྔོན་མ།:དུངས་པའི་སེམས་པ།
  • ལེ་ཚན་རྗེས་མ།:ཞེན་ཆགས་ནང་གི་མི།