སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་བཟང་པོ་བྱུང་བ།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།        2020-11-20

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་ནས་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་གསུང་བཤད་ཀྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་གོ་བ་བླངས་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཁག་གི་ཁྲོད་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པར་གོ་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་ལས་ཁང་དྲུང་ཡིག་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཀུའུ་ཡན་ཧའེ་ཡིས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། འགན་ནུས་ཀྱི་ནུས་པར་གཅིག་གྱུར་ངང་མཐུན་སྦྱོར་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་དང་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཐོག་ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་རྒྱུ་དང་། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཐག་གཅོད་བྱ་རྒྱུ་དེ་ཤུགས་སྣོན་རྒྱག་ས་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། འགག་གནད་འཚོལ་བ། ཐག་གཅོད་བྱ་ཐབས་འདོན་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་ཟམ་མི་ཆད་པར་ཤུགས་ཆེར་འགྲོ་བ་བྱ་དགོས་ཞེས་གསུངས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་དམངས་ཀྱི་ཁེ་ཕན་མངོན་པ་དང་། མི་དམངས་ཀྱི་བསམ་འདུན་མཚོན་པ། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཤུགས་ཆེར་གཏོང་བ་བཅས་བྱ་རྒྱུ་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་ཡོང་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཁང་གི་འགོ་འཛིན་ཆན་ཞའོ་ཁྲེན་གྱིས། གཅིག་འཐུས་ཀྱི་སྣ་མང་རྣམ་པའི་འདུམ་འགྲིག་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་། མི་དམངས་ཀྱི་ཕྱོགས་སུ་ལངས་ནས་ཇུས་འགོད་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་ལྟར་འཆར་འགོད་བྱས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་སྒྱུར་བཅོས་དང་བློ་རིག་ཁྲིམས་ཁང་འཛུགས་སྐྱོང་གི་ཕན་འབྲས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དང་ཁོང་ཚོས་ཁྲིམས་འཛིན་གྱི་གཞུང་དྲང་ཚོར་ཐུབ་པ་མ་ཟད། སྟབས་བདེ་དང་། བརྩི་འཇོག ཁྲིམས་འཛིན་གྱི་དྲོ་སྐྱིད་བཅས་ཚོར་ཐུབ་པ་བྱ་དགོས་ཞེས་གསུངས་པ་རེད།

ཧྥུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་རྒྱུན་ལས་ཅུད་ཀྲང་གཞོན་པ་ཐུའུ་ཀྲུང་ཡང་གིས། ཁྲིམས་འཛིན་བྱེད་སྐབས་མི་དམངས་ལྟེ་བར་འཛིན་པ་དང་ཆབས་ཅིག་མི་དམངས་མང་ཚོགས་ནས་ལན་ཆ་བྱེད་པའི་གནད་དོན་དང་དཀའ་གནད་གནད་དོན་ལ་གོ་རིམ་ལྡན་པའི་ཇུས་འགོད་དང་ཐག་གཅོད་ཡག་པོ་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་རྒྱུར་འགན་ལེན་བྱ་རྒྱུན་ཡིན་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་པོ། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ནས་ཁྲིམས་སྲུང་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཐིང་དང་པོའི་རིམ་པ་གཉིས་པའི་མཐོ་རིམ་ཞིབ་དཔྱོད་དཔོན་གྱི་ལས་རོགས་ལིའུ་ཐའོ་ཡིས། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། ཚད་ལྡན་དང་ནུས་མཐོའི་ཚད་བཀག་ལྟ་སྐུལ་མ་ལག་གང་མགྱོགས་འཛུགས་པ་དང་། ཞིབ་དཔྱོད་དང་ལྟ་སྐུལ་དོན་ཐོག་ཏུ་འཁྱོལ་བར་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་གྱོད་གཞི་གཉེར་བའི་སྐབས་སུ་ལྟ་སྐུལ་དང་། ལྟ་སྐུལ་ཁྲོད་གྱོད་གཞི་བདག་གཉེར་བྱེད་པ། ཁྲིམས་བསྟར་ཁྲིམས་འཛིན་གྱི་དབང་ཆ་སྤྱོད་རྒྱུ་ཚད་ལྡན་བཟོ་བ། ཁྲིམས་སྐྱོང་རྣམ་པའི་ཐོག་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབྱིང་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུད་ཤིང་ཅིང་ཆུས་ཡན་ལག་ཅུད་ལི་ཅིང་སྲང་ལམ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་མ་ལིང་ཡུའེ་ཡིས། ང་ཚོ་ནི་མང་ཚོགས་དང་ཐག་ཉེ་ཤོས་ཡིན་པ་དང་། ཉིན་ལྟར་མང་ཚོགས་དང་ངོ་ཐུག་ནས་ཁྲིམས་བསྟར་བྱེད་མཁན་སྟོབས་ཤུགས་ཡིན། དེས་ང་ཚོར་རྒྱུན་གཏན་གྱི་ལས་དོན་ཀའི་ཁྲོད་ཁྲིམས་སྐྱོང་གི་དད་ཞེན་བརྟན་དུ་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་བློ་འཛུགས་པ། ཁྲིམས་སྐྱོང་གི་འདུ་ཤེས་ཆེ་རུ་གཏོང་བ། ཁྲིམས་བསྟར་ཚད་ལྡན་ཡོང་བ་བཅས་ཀྱི་བླང་བྱ་དེ་བས་ཆེ་བ་བཏོན་ཡོད་ཅེས་བསྟན་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུའི་ལས་དོན་དེ་དམིགས་སའི་རང་བཞིན་དང་ཕན་ནུས་དངོས་ཐོན་གྱི་རང་བཞིན་ཐོག་ནུས་ཤུགས་འདོན་དགོས། སྔོན་དཔག་རང་བཞིན་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དུས་རབས་གསར་པའི་ཧྥེང་ཇའོ་ཡི་ཉམས་མྱོང་རྒྱུན་འཁྱོངས་དང་གོང་འཕེལ་བཏང་ཐོག སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝེ་ཡོན་ལམ་མངག་གཏོང་ཁང་གི་འགོ་འཛིན་གཞོན་པ་ཀྲང་ཅུན་གྱིས། ང་ཚོས་ད་དུང་གཞོན་ནུ་ལོ་ཆུང་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། གསལ་འགྲེལ་གཏིང་ཟབ་དང་གང་དྲགས་བརྒྱབ་པ་བརྒྱུད་དེ་ཁོ་ཚོའི་ཁྲིམས་ལུགས་ཀྱི་འདུ་ཤེས་དང་བྱང་ཚད་མཐོ་རུ་བཏང་སྟེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

ཀྲེ་ཅང་ཞིང་ཆེན་ཨན་ཅེ་རྫོང་དུ་ས་གནས་དེ་གའི་སྤྱི་ཚོགས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་འདུམ་འགྲིག་བྱེད་པའི་ལྟེ་གནས་ལ་མང་ཚོགས་ནས་འགལ་ཟླ་མཐའ་སྣེའི་ས་ཚིགས་ཞེས་འབོད་ཀྱི་ཡོད། ཨན་ཅེ་རྫོང་མི་དམངས་ཁྲིམས་ཁང་གི་ལྟེ་གནས་སུ་བཅར་སྡོད་ཁྲིམས་དཔོན་ཝང་ཝུན་ཝུའུ་ཡིས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་དེ་དོན་དངོས་ཀྱི་ལས་དོན་ཁྲོད་དུ་མཐའ་འཁྱོངས་བྱེད་རྒྱུ་དང་། མང་ཚོགས་ལ་གནས་ལུགས་བཤོད་ས་ཡོད་པ་ཞིག་དང་འགལ་ཟླ་དེ་ཐག་གཅོད་བྱེད་ས་ཡོད་པ་ཞིག་བྱས་ཏེ། སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

  • ལེ་ཚན་སྔོན་མ།:རྔ་བ་ཁུལ་མའོ་རྫོང་གིས་2020ལོའི“ཆའང་རིགས་ལོ་གསར”གྱི་རྟེན་འབྲེལ་མཛད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་རི་སྐྱེས་དང་ཆུ་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།