ཟླ་འོད་འོག་གི་སྙན་ཚིག

འོ་སེ།        2020-11-20

ང་ནི་རི་དྭགས་རྨས་མ་ཞིག

ཡི་མུག་གིས་ཁེར་རྐྱང་གི་ལོ་ཟླ་རྩྭ་བཞིན་བཟས།

ཤྭ་རྒོད་དང་རྐྱང་རྒོད་ཚོ་ཤུགས་སྒྲ་དང་བཅས་བཤར་སོང་།

ང་ནི་གཤོག་ཟུང་ཆད་པའི་ཕྱེ་ལེབ་ཅིག

རིག་གཞུང་གི་རྩྭ་ཐང་ནས་ཤེས་བྱ་ཡི་མེ་ཏོག་ཚོས།

ང་རང་མཐོང་མ་བྱུང་།

ངའི་འཕག་འཚག་ནི་ཅི་འདྲའི་ཕལ་བ་ཞིག་ཨང་།

ང་ནི་སྐྱོ་གདུང་མཚོན་བྱེད་ཀྱི་རོལ་དབྱངས་ཤིག

རྒྱུད་སྐུད་རེ་རེ་མིག་ཆུས་འཁྲོལ་བཞིན།

ཁེར་རྐྱང་གི་ཟླ་འོད་གམ་དུ་བསུས།

ང་རང་ཟླ་བ་ཡིན་ན་བསམས།

ཟླ་འོད་ཁྱོད་ལ་ཕོག་ན་བསམས།

ཡང་ན་ཁྱོད་རང་ཟླ་བ་ཡིན་ན་བསམས།

ཁྱོད་ཀྱིས་ང་ཡི་གྲིབ་གཟུགས་འཐུང་ན་བསམས།

དོ་དགོང་ཟླ་འོད་ལ་འཁྲེང་བཞིན།

སྙན་ཚིག་གི་མེ་ཏོག་ཁྱོད་ལ་མཆོད་ན་འདོད།

ཟླ་འོད་ཧ་ཅང་གསལ་བ་བཞིན།

དྲན་འཛིན་གྱི་མེ་ཏོག་རྣམ་པར་བཀྲ།

  • ལེ་ཚན་སྔོན་མ།:སོམ་ཉི།
  • ལེ་ཚན་རྗེས་མ།:ཡིད་དུ་ལྷུང་བའི་རི་བོང་འཛིན།