སོམ་ཉི།

གངས་འཁྱམ་གསར་བུ།        2020-11-20

སྤྱི་སྤྱོད་རླང་འཁོར་ནང་དུ་རྨོ་མོ་ཞིག་དང་ཕྲད།

རྨོ་མོ་དེའི་དཔྲལ་བ་གཉེར་མའི་པ་ཊས་བཏུམས་ཤིང་།

སྤྱི་གཙུག་ཏུ་སངས་རྒྱས་འོད་དཔག་མེད་དཀྱིལ་དཀྲུང་

དུ་བཞུགས།

རྨོ་མོའི་ཞལ་ནས་སངས་རྒྱས་ཀྱི་གསུང་བཟླས་ཤིང་།

དགོན་འདབས་སུ་སླེབས་སྐབས།

ཐལ་མོ་སྤྱི་གཙུག་ཏུ་སྦྱར་ནས་གསོལ་བ་སྨོན་ལམ་འདེབས།

སྤྱི་སྤྱོད་རླང་འཁོར་ནང་དུའང་ཨ་ནེ་བཙུན་མ་ཞིག་འདུག

ཨ་ནེ་ལགས་ཀྱིས་རྡོག་ཁྲེས་ལྕི་མོ་ཞིག་ཁུར་འདུག

རས་དམར་སྨུག་ཅིག་གིས་བཏུམས་འདུག

འབབ་ཚུགས་ཤིག་ཏུ། ཨ་ནེ་ལགས་རླངས་

འཁོར་ནས་བབས།

ཨ་ནེའི་རྗེས་སུ་བུད་མེད་ཅིག་ཀྱང་འབབ།

རྨོ་མོས་བུད་མེད་ལ་བཤད་རྒྱུར།

“ཨ་ནེ་ལགས་ཀྱི་རྡོག་ཁྲེས་ཁྱེར་རོགས་བྱོས།

ཨ་ཡ་ཡ། ཁྱོད་སྐྱེ་བ་མི་ལུས་ཐོབ་པ་ཡ་རེ་ང་།

དགེ་འདུན་ལ་ཕྱག་འཚལ་ལོ།།”

ངའི་སོམ་ཉི་ནི།

རྨོ་མོའི་སྤྱི་གཙུག་གི་འོད་དཔག་མེད་དེ་དང་བྱམས་

སེམས་ཀྱི་ཞགས་པ་དེའོ།།

“སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།།

དགེ་འདུན་ལ་ཕྱག་འཚལ་ལོ།།”

  • ལེ་ཚན་སྔོན་མ།:རྒྱུ་སྐར་ཁྲོད་ན་ཁྱེད་ཉིད་ཙམ།
  • ལེ་ཚན་རྗེས་མ།:ཟླ་འོད་འོག་གི་སྙན་ཚིག