མི་ཡུལ་ནས་དཀྲོལ་བའི་གླིང་བུ་དབྱངས་ཀྱི་ཟིལ་བ།

ཁམས་སྨྱུག་གསར།        2020-11-18

རྟོག་བཏགས་འཆར་ཡན་འཁྱམ་པོས།།

སྣང་བའི་འདབ་ལྕེ་འགུལ་ཚེ།།

རྒྱུས་མེད་ས་མཐའི་ལྗོངས་སུ།།

ངེས་མེད་དལ་གྱིས་འགྲིམ་འདོད།།

གཙང་བོའི་རླབས་དང་འགྲོག་པའི།།

མི་ཚེའི་ཤིང་གྲུ་ཆུང་ཆུང་།།

ལས་ཀྱི་རླུང་གིས་གཡོས་ཚེ།།

མི་བསྐྱོད་རང་དབང་མི་འདུག།

ཉ་མོ་གར་ལ་རོལ་བའི།།

མར་འབབ་ཆུ་བོའི་གཞུང་ལ།།

རླུང་བུས་འདབ་གཤོག་བརྐྱངས་ཚེ།།

པད་མའི་མགོ་ལྕོག་ལྡེམ་བྱུང་།།

དྲི་བསུང་ན་བུན་ལྡང་བའི།།

བསིལ་ཁང་མཛེས་པོའི་འགྲམ་ནས།།

བརྩེ་བ་དབྱངས་ལ་དྲངས་ཚེ།།

སེམས་པ་གདུང་བས་མནར་འདུག།

དུང་བ་ཡིད་ཀྱི་མེ་ཏོག།

མཁའ་ལ་འཇའ་ཚོན་བབས་འདྲ།།

ཉི་མ་རི་ལ་ཡིབ་ཚེ།།

སྣང་བའི་རྨི་ལམ་ཙམ་རེད།།

གཙང་བོའི་ཟིལ་བ་ཆགས་པའི།།

འདབ་མ་རླུང་གིས་ཁུར་ཚེ།།

རྣམ་ཤེས་བཀུག་པའི་དྲི་ཞིམ།།

སྣང་བའི་ཚལ་ནས་ལྡང་བྱུང་།།

ཉི་མས་ཕྱི་མིག་ཕོག་པའི།།

ལྗོན་པའི་དབུ་ལོ་ལྡེམ་ཚེ།།

འཕྲེད་གླིང་འབུད་པའི་བྱེའུ།།

ལོ་མའི་གམ་དུ་ཡིབ་འདུག།

འོད་ཟེར་རི་ལ་འཛེག་པའི།།

ནུབ་མཐའི་སྤྲིན་པ་དམར་པོས།།

སེམས་ལ་གཟིམ་དུང་འབུད་ཚེ།།

འཁོར་བའི་རང་མཚང་རྟོགས་བྱུང་།།

ཁ་བའི་འདབ་མ་གཡོ་ཞིང་།།

གཙང་བོར་དར་ཁ་རྒྱས་ཚེ།།

མི་མེད་ཕུག་པའི་ཁུད་ནས།།

སེམས་ངལ་གསོས་ན་སྐྱིད་པ།།

གྲང་རླུང་འདུ་འཛིའི་ཁྲོད་ནས།།

ལྕང་མས་ཁེར་གཞས་གྱེར་ཚེ།།

ཏིང་འཛིན་ཡིད་ཀྱི་ལྷ་མོ།།

དབེན་པའི་རི་ལ་ཕྱོགས་སོང་།།

དབྱར་ལ་མེ་ཏོག་སྤྲས་པའི།།

མཛེས་སྡུག་གཡུ་ལོའི་ལྗོན་པ།།

འཁྱག་རླུང་བསེར་མས་བསྒུལ་ཚེ།།

སྐམ་རིད་ལུས་པས་སྐྱོ་ཨང་།།

བརྩེ་བའི་དབྱངས་ལ་འཁྲེང་བའི།།

ན་ཆུང་དར་མའི་སྣང་བ།།

རེ་དོགས་རྨི་ལམ་ཁྲོད་ནས།།

སྒྱུ་མའི་གར་ལ་རྩེན་འདུག།

རི་ལ་ཁ་བ་བབས་ཚེ།།

སྐད་ཅོར་སྒྲོག་པའི་བྱེའུ།།

རྫ་བྲག་མཐོན་པོའི་རྩེ་ནས།།

སྣང་བ་གྲོང་ལ་ཕྱོགས་འདྲ།།

ན་བུན་སྨིག་རྒྱུའི་སྐེ་དཀྲིས།།

རི་བོའི་མགུལ་དུ་འཁྱིལ་དུས།།

ཟླ་བོ་མེད་པའི་གཞོན་པ།།

སེམས་པ་སྨྲེང་བས་བརླན་འདུག།

སྣང་བའི་སྐར་ཆུང་དེ་ཡང་།།

རྟོག་པའི་རླབས་ཀྱིས་འདར་ཚེ།།

མི་ལུས་ཁམ་བུའི་མེ་ཏོག།

དགའ་སྐྱོའི་ཁྲོད་ནས་རྙིང་སོང་།།

མི་སྡུག་བྱེ་མའི་དུར་ཐང་།།

ངེས་མེད་ལྷོད་ཀྱིས་ཉུལ་ཚེ།།

ཤིང་སྐམ་འཇག་སྐྱའི་འདབས་ན།།

སྨྲེང་བའི་ཉམས་ཤིག་ཤར་འདུག།

ཚོར་བའི་ཟིལ་བ་ཆགས་པའི།།

འཆར་ཡན་སྨུག་པའི་ཡོལ་རས།།

སྒྱུ་མའི་རི་གསེབ་དེ་རུ།།

ངལ་མེད་དལ་གྱིས་ལྡང་བྱུང་།།

འཁྱོག་པོའི་ལུང་ཁུད་དེ་ནས།།

ཆུ་བོ་བཞུར་བའི་གཉེར་རིས།།

ཁོ་བོའི་སེམས་དང་འདྲ་སྟེ།།

སྣང་བའི་རླུང་གིས་བསྒུལ་སོང་།།

རྟོག་པས་བཞེངས་བའི་འཇིག་རྟེན།།

གཡུང་དྲུང་རི་མོ་འཁྱུག་འདྲ།།

སེམས་ལ་མཛེས་པར་འདུག་ཀྱང་།།

རྟག་བརྟན་མེད་པས་སྐྱོ་བྱུང་།།

ཡིད་ཀྱི་ཏིང་འཛིན་རྐུ་བའི།།

རྟོག་པའི་ཟིལ་བ་ཡོམ་ཚེ།།

སྡེ་ཆེན་རི་གྲོང་ཕྱོགས་སུ།།

སྣང་བ་ཆང་གིས་བསླུས་འདྲ།།

ལས་ཀྱི་མེ་ལོང་ངོགས་སུ།།

བརྩེ་བ་དབྱངས་ཀྱི་རྒྱུད་སྐུད།།

ཚོར་བའི་རླབས་ཀྱིས་འདར་ཚེ།།

རེ་ཞིག་སྙན་པོ་ཡོད་འདུག།

རྒྱང་ན་བསྐྱོད་པའི་ལྗང་ལོ།།

དུས་བཞིའི་རྒྱུ་ལམ་གསེབ་ནས།།

ཁ་དོག་གཞན་དུ་འགྱུར་ཚེ།།

འཁོར་བའི་གཤིས་དེ་སྟོན་འདྲ།།

རླུང་དང་བསྡེབས་པའི་གཙང་བོས།།

ལྡེམ་པའི་རླབས་རིས་ཕབ་སྟེ།།

ངལ་མེད་རྒྱལ་ཁམས་ཉུལ་བ།།

མདང་གི་རྨི་ལམ་ཡིན་འདྲ།།

སྣང་བའི་སྒོ་ཆེན་ཕྱེས་ནས།།

འདོད་པ་ཆང་གིས་གསོས་ཚེ།།

ཚོར་བ་སྐྱ་བོའི་ཕྱོགས་སུ།།

འཁྲེང་བའི་མེ་ཏོག་འཁོར་འདུག།

གྲིབ་རིས་གཙང་བོར་ཟུག་པའི།།

ལས་ཀྱི་བཀོད་པའི་ཟམ་པར།།

མི་ཚེའི་རྐང་རྗེས་ཕབ་ཚེ།།

གཏམ་རྒྱུད་ཟད་པ་མི་འདུག།

རྟེན་འབྲེལ་སྣོད་ཀྱི་མཛེས་པ།།

བདག་གི་བློ་དང་མཐུན་འདུག།

གཞས་ཆུང་རླུང་ལ་བསྐུར་བའི།།

གྲུ་མཁན་སྣང་བ་བཟི་འདུག།

མི་ཚོགས་ཁྲོམ་ཆེན་དབུས་ན།།

འཛུམ་པའི་གར་ལ་རྩེན་པའི།།

ན་ཆུང་སྒེག་པའི་ཟུར་མདའ།།

ཁོ་བོའི་སྙིང་ལ་ཕོག་སོང་།།

འོན་ཏེ་དགའ་སྐྱོའི་བར་ནས།།

དེ་དོགས་ན་བུན་དམར་པོ།།

སྣང་བའི་ཁམས་ལ་ལྡང་ཚེ།།

ཡིད་ལ་དགའ་བ་མི་འདུག།

སེམས་ལ་བབས་པའི་དབྱངས་དེ།།

རི་སུལ་རྫིག་པོའི་འདབས་ནས།།

བསེར་མ་རླུང་གིས་བསྐྱོར་ཚེ།།

རེ་དོགས་མེད་པས་སྤྲོ་སོང་།།

རྨི་ལམ་མི་ཚེའི་སྣང་བ།།

སྡེ་ཆེན་མི་ཁའི་ཁྲོད་ནས།།

དོན་མེད་དབྱིངས་ལ་དྲངས་ཚེ།།

གསོན་དང་མ་གསོན་ཅི་ཡོད།།

ཉི་ཟླའི་བཞུར་ལམ་འོག་ན།།

འཚོ་བའི་ཉིན་སྲིབ་གཉིས་ཀར།།

ཚོགས་དྲུག་སྣང་བ་ལྡོམ་པོ།།

ལྷོ་སྤྲིན་རླུང་གིས་སྐྱོད་འདྲ།།

བདེ་སྡུག་དགའ་སྐྱོའི་གསེབ་ནས།།

ཚོར་བའི་གཞས་ཤིག་གྱེར་ཡོད།།

འཁོར་བའི་ཆང་ཁང་ནང་གི།།

སྣང་བའི་རྨི་ལམ་མཚོན་ཐུབ།།

ཟླ་འོད་གསལ་བའི་མཚན་ལྗོངས།།

པིར་གྱིས་རི་མོ་བྲིས་འདྲ།།

དྲན་པའི་སེང་རས་ངོགས་ན།།

མ་བྲིས་ཝ་ལེ་ཝ་ལེ།།

ཚོར་བའི་སྤྲིན་པ་བསྐྱོད་ན།།

དྲན་པའི་སྒེའུ་ཁུང་འགྲམ་ནས།།

འདས་སོང་ལོ་ཟླའི་སྐར་མདའ།།

རྨི་ལམ་གཞུང་ལ་བབས་བྱུང་།།

གདོང་ལ་རྫུ་བག་གྱོན་པའི།།

མ་གིའི་རི་གྲོང་དཀྱིལ་ནས།།

གཡོ་སྒྱུའི་འཛུམ་པ་མཐོང་ན།།

སེམས་པ་གཏིང་ནས་སུན་འདུག།

འཇིག་རྟེན་སྨིག་རྒྱུའི་ཁྲོད་ནས།།

འདུན་པ་ལྷ་ལ་བཅོལ་ན།།

འཁྲེང་སེམས་བློ་རྩ་ནག་པོས།།

ང་ལ་བར་ཆད་མ་གནང་།།

སྒེག་ལྡན་ཡིད་དགའི་མེ་ཏོག།

དབྱིངས་ཀྱི་ལྷ་ལ་མཆོད་ན།།

མི་འགྱུར་བདེན་པའི་ཀུ་མུད།།

སེམས་ཀྱི་གཞུང་ནས་མངོན་ཤོག།

དད་པའི་ཤིང་ལོའི་རྩེ་རུ།།

རྒྱལ་བ་ཆོས་ཀྱི་དེད་དཔོན།།

མི་འབྲལ་རྟག་ཏུ་བསྙེན་ན།།

བདེན་པའི་ལམ་སྣ་སྟོན་མཛོད།།

ལས་ཀྱིས་བཀོད་པའི་མི་ཚེར།།

རེ་འདོད་མཐུན་པོ་བྱུང་ན།།

ཤ་པགས་ཁྱི་ཡིས་ཟོས་ཀྱང་།།

སེམས་ལ་འགྱོད་རྒྱུ་མི་འདུག།

ཕྱི་མའི་རྒྱ་མཚོའི་གཞུང་དུ།།

བསོད་ནམས་གྲུ་ལ་ཞུགས་ནས།།

འབད་མེད་ལྷོད་ཀྱིས་བརྒལ་ན།།

སངས་རྒྱས་སྟོང་གིས་སྲུངས་ཤིག།


  • ལེ་ཚན་སྔོན་མ།:ཡིད་མ་ཕམ།
  • ལེ་ཚན་རྗེས་མ།:ཤེས་རབ་དབྱངས་ལ་འཇིག་པ་མེད།