ཁྲོན་བོད་ལྕགས་ལམ་གྱིས་བསྐྲུན་པའི་འཛམ་གླིང་ཐོག་གི་ཟིན་ཐོ་བཅུ།

ཡེ་ཤེས་དང་ཟླ་བ་སྒྲོལ་མས་བསྒྱུར།        2020-11-16

སྤྱི་ཟླ11པའི་ཚེས8ཉིན། ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་ལྕགས་ལམ་དུམ་བུ་བྱེད་མགོ་ཚུགས་ཡོད་པ་རེད། དེ་ནི་རང་རྒྱལ་གྱི་འཛུགས་སྐྲུན་བྱེད་མགོ་འཛུགས་པའི་དཀའ་ཚད་ཆེས་ཆེ་ཤོས་ཀྱི་ལྕགས་ལམ་ཞིག་ཡིན་པར་མ་ཟད། འཛམ་གླིང་ཐོག་ལའང་ཆེས་འཛུགས་སྐྲུན་བྱེད་དཀའ་བའི་ལྕགས་ལམ་ཞིག་དུ་གྱུར་ཡིན་པ་རེད། གང་ཡིན་ཟེར་ན་དེ་ནི་རང་རྒྱལ་དང་འཛམ་གླིང་གི་ལྕགས་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་ཟིན་ཐོ་གསར་པ་ཞིག་བསྐྲུན་ཞིང་། དེའི་རྒྱབ་ཏུ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གཞི་གྲངས་འབོར་ཆེན་ཞེག་ཡོད་པས་རེད།

གཅིག ལྕགས་ལམ་ཞིག་ལ་མ་དངུལ་འཇོག་གྲངས་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ།

དངོས་གནས་བཤད་ན་ཁྲོན་བོད་ལྕགས་ལམ་གྱི་འཆར་འགོད་སྔར་ནས་བྱས་ཡོད་ཅིང་། དེ་སྔོན་ནས་བཟོ་སྐྲུན་བྱེད་བསམས་ཀྱང་ད་བར་དུ་ལག་བསྟར་མ་བྱས་པའི་རྒྱུ་མཚན་ཅི་རེད་ཅེ་ན། དེ་ནི་དེའི་སྐབས་ཀྱི་ལག་རྩལ་དཀའ་ཚད་སེལ་དཀའ་བ་ཕུད། གནད་དོན་གཙོ་ཆེ་ཤོས་ནི་མ་དངུལ་འཇོག་གྲངས་མཐོ་དྲགས་པས་རེད། དེ་ནི་ཁེ་བཟང་རག་མེད་པའི་ལྕགས་ལམ་ཞིག་ཡིན་པར་བརྟེན། རྒྱལ་ཁབ་ཕྱུག་པོ་དེ་ཙམ་མིན་པའི་ལོ་རབས་ནང་མ་དངུལ་དེ་འདྲ་མང་པོ་ཞིག་བཏང་ནས་བྱ་བ་འདི་བསྒྲུབས་མ་ཐུབ་པ་རེད། དེང་སང་རྒྱལ་ཁབ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པའི་རྨང་གཞིའི་ཐོག རྒྱལ་ཁབ་ཀྱིས་དུས་ཡུན་རིང་པོར་འཆར་འགོད་གནད་དོན་ལག་ལེན་བྱེད་པ་དང་ལྷན་དུ་ལྕགས་ལམ་འདི་མི་སྐྲུན་ཐབས་མེད་ཀྱི་གནས་སུ་གྱུར་པ་རེད། ལམ་རྒྱུད་རིང་ཚད་ཡོངས་ཀྱི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར3606གཏང་རྒྱུའི་ནང་གཡག་རྔ་ནས་ཉིང་ཁྲི་བར་སྒོར་དུང་ཕྱུར3198གཏང་རྒྱུ་ཡིན་པ་དང་། ལྷ་ས་ནས་ཉིང་ཁྲི་བར་སྒོར་དུང་ཕྱུར366གཏང་རྒྱུ་ཡིན་པ། ཁྲེང་ཏུའུ་ནས་གཡག་རྔ་བར་སྒོར་དུང་ཕྱུར42བཏང་ཡོད་པ་རེད། འདི་ནི་རང་རྒྱལ་གྱི་མ་དངུལ་གཏོང་ཚད་ཆེས་མང་བའི་ལྕགས་ལམ་ཞིག་ཡིན་པར་མ་ཟད་སྐོར་ལམ་ཡོད་པའི་ལྕགས་ལམ་དཀྱུས་མ་ཞིག་ཡིན་ལ། དེ་དང་ཆབས་ཅིག་མ་དངུལ་གཏོང་ཚད་འཛམ་གླིང་ཐོག་ཆེས་མང་བའི་ལྕགས་ལམ་ཞིག་ཀྱང་ཡིན་པ་རེད།

གཉིས། ཟམ་པ་དང་ཕུག་ལམ་བསྡུར་ཚད་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ།

ཁྲོན་བོད་ལྕགས་ལམ་ནི་ཁྲེང་ཏུའུ་གྲོང་ཁྱེར་ནས་ལྷ་ས་བར་ལམ་རྒྱུད་ཧྲིལ་པོའི་གཉེར་སྐྱོང་རིང་ཚད་ནི་སྤྱི་ལེ1567ཡོད་པའི་ནང་ནས་གཡག་རྔ་ནས་ཉིང་ཁྲི་བར་གསར་དུ་བསྐྲུན་རྒྱུའི་ལམ་རྒྱུད་ཡོངས་རྫོགས་ཀྱི་རིང་ཚད་ནི་སྤྱི་ལེ1008.45ཡོད་པ་རེད། ལམ་རྒྱུད་ཡོངས་སུ་ཟམ་པ་དང་ཕུག་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ965.74ཡོད་པར་བརྟེན། ཟམ་པ་དང་ཕུག་ལམ་གྱིས་བརྒྱ་ཆ95.8བཟུང་ཡོད་པ་རེད། དེའི་ནང་གསར་སྐྲུན་བྱ་རྒྱུའི་ཟམ་པའི་རིང་ཚད་བསྡོམས་འབོར་སྤྱི་ལེ114.22( ཟམ་པ93)ཡོད་པས་ལམ་རྒྱུད་རིང་ཚད་ལས་བརྒྱ་ཆ11.33བཟུང་བ་རེད། གསར་སྐྲུན་བྱ་རྒྱུའི་ཕུག་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ852.48( ཕུག་ལམ72)ཡོད་པས་ལམ་རྒྱུད་རིང་ཚད་ལས་བརྒྱ་ཆ84.43བཟུང་བ་རེད། འདི་ནི་འཛམ་གླིང་ལྕགས་ལམ་དང་གཞུང་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་དེ་རང་གི་མ་གཏོགས་མེད་པའི་བསྡུར་ཚད་ཅིག་རེད།

གསུམ། ཟམ་པའི་མཐོ་ཚད་ནི་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ།

ཁྲོན་བོད་ལྕགས་ལམ་གྱི་ལམ་རྒྱུད་ཡོངས་རྫོགས་ལ་ཟམ་པ་བསྡོམས་འབོར་ཧ་ལམ100ལ་ཉེ་བ་ཞིག་ཡོད་པ་པའི་ཟམ་པ་རེ་རེའི་འཛུགས་སྐྲུན་གྱི་དཀའ་ཚད་ནི་འཛམ་གླིང་རིམ་པ་ཡིན་ཞིང་། དེའི་ནང་འཛམ་གླིང་ཐོག་ཆེས་མཐོ་བའི་ཟམ་ཆེན་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ནི་ལས་གྲྭའི་ཇུས་འགོད་ནང་བཞིན་ཟམ་ངོས་དང་གཤོང་དམའ་རྒྱལ་མོའི་རྔུལ་ཆུའི་ཆུ་ངོས་བར་གྱི་མཐོ་ཚད་སྨི700ལ་ཟིན་པ་དང་། བར་སྣང་གི་མཐོ་ཚད་སྨི700ནི་ཧྲང་ཧེའི་ལྟེ་གནས་ཐོག་ཁང་ཆེན་པོ་ལས་སྨི70ཙམ་གྱིས་མཐོ་ལ། ཀོང་ཀྲུའུ་ཡི་ཐོག་ཁང་ཆེན་པོ་ལས་སྨི250ཡིས་མཐོ་ཞིང་། ངོས་གཉིས་ཀྱི་དཔྱངས་ཐག་སྐྱོར་སྟེགས་བརྩིས་ན་སྨི800ལྷག་གིས་མཐོ་བར་བརྟེན།།སྐབས་དེར་འཛམ་གླིང་གི་བྱས་རྗེས་ངོ་མཚར་ཅན་ཞིག་ཏུ་འགྱུར་ངེས་རེད།

བཞི། མཚོ་འཕགས་ཀྱི་ཧེ་བག་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ།

ཁྲོན་བོད་ལྕགས་ལམ་ནི་སི་ཁྲོན་གཞོང་ས་ནས་མཚོ་བོད་མཐོ་སྒང་དུ་བསྲིངས་པའི་ལྕགས་ལམ་ཞིག་རེད། ཁྲེང་ཏུའུ་ཡི་མཚོ་འཕགས་སྨི500ནས་ལྷ་སའི་མཚོ་འཕགས་སྨི3600ཐོག་སླེབས་ཤིང་། ལམ་རྒྱུད་ཡོངས་རྫོགས་ཀྱི་རིང་ཚད་བསྡོམས་འབོར་སྤྱི་ལེ1500ལྷག་ཡོད་པ་རེད། ལམ་རྒྱུད་ཡོངས་རྫོགས་ནི་སྒང་གཤོང་མི་སྙོམས་པའི་ནང་ནས་མཛོ་སྒང་གི་མཚོ་འཕགས་སྨི3800ཡོད་པར་བརྟེན། ལམ་རྒྱུད་ཡོངས་རྫོགས་ཀྱི་སྒང་གཤོང་ཧེ་བག་སྨི3000ཡིན་པ་འདི་ཡང་འཛམ་གླིང་ཐོག་རྒྱང་ཐག་ཐུང་བའི་ནང་སྒང་གཤོང་གི་ཧེ་བག་ཆེན་པོ་ཡོད་པའི་ལྕགས་ལམ་ཞིག་པས་ན་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ་ནི་ཐེ་ཚོམ་མེད་པ་ཞིག་རེད།

ལྔ། ཨར་ལས་ཀྱི་ཟུར་ལམ་སྐྲུན་ཚད་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ།

རྒྱལ་སྲུང་གཞུང་ལམ318པ་དང317པ་ནས་འགྲོ་མྱོང་མཁན་གྲོགས་པོ་ཚང་མས་ལམ་རྒྱུད་འདི་གཉིས་ནི་རང་རྒྱལ་གྱི་ཉེན་ཁ་ཆེ་ཤོས་ཀྱི་ལམ་གཉིས་ཡིན་པ་ཤེས་གསལ་ལྟར་རེད། ལམ་འདི་གཉིས་བརྒྱུད་པའི་ས་ཆ་ཚང་མ་རི་མཐོའི་གྲོག་རོང་། འགྲོ་ལམ་གུ་དོག་པོ་དང་འདམ་རྡོའི་ཆུ་རུད་བྱུང་མང་བའི་ས་གནས་ཡིན་ཞིང་། ཁྲོན་བོད་ལྕགས་ལམ་ནི་ས་གནས་དེ་འདྲར་ཕུག་ལམ་འདྲུ་བ་དང་ཟམ་པ་བསྐྲུན་ནས་རི་བོ་བརྒལ་དགོས་པས་ན་ཨར་ལས་བྱ་ཡུལ་བརྒྱ་ཆ80ལ་གཞུང་ལམ་ཤར་གཏོང་ཐུབ་མེད་པར་བརྟེན། ཨར་ལས་འཛུགས་སྐྲུན་ལ་མཁོ་བའི་གནས་སྐབས་གཞུང་ལམ་བསྐྲུན་ནས་ལས་ཡུལ་དངོས་སུ་དངོས་ཟོག་སྐྱེལ་འདྲེན་བྱེད་པ་སྟབས་བདེ་བཟོ་དགོས་པ་རེད། རྩད་ཞིབ་བསྡོམས་རྩིས་བྱས་པ་ལྟར་ན། ཁྲོན་བོད་ལྕགས་ལམ་གྱི་ལམ་རྒྱུད་ཧྲིལ་པོ་སྐྲུན་མགོ་ཚུགས་པར་གཞུང་ལམ་སྤྱི་ལེ900ཙམ་གསར་སྐྲུན་བྱེད་དགོས་པ་དང་། སྔོན་གྱི་ལོ་ཁ་ཤས་ནང་ལས་དོན་དེ་སྒྲུབ་བཞིན་ཡོད་ཅིང་། དཀའ་ཚད་ནི་བསམ་བློ་བཏང་ན་ཤེས་པས་འདི་ཡང་འཛམ་གླིང་རིམ་པའི་ལས་གྲྭ་ཞིག་རེད།

དྲུག གློག་ཤུགས་སྐུད་ལམ་གྱི་ཨར་ལས་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ།

ཨར་ལས་ཆེ་གྲས་འདི་དག་གི་ལས་ཡུལ་དངོས་སུ་འཕྲུལ་ཆས་སྒྲིག་ཆས་བཀོལ་སྤྱོད་བྱེད་དགོས་ཤིང་། སྒྲིག་ཆས་འདི་དག་གིས་གློག་སྤྱད་དགོས་མོད། འོན་ཀྱང་ས་ཆ་འདི་དག་ལ་གློག་ཧ་ལམ་འཐེན་ཐུབ་མེད་པས་ན་གཞི་ནས་གློག་སྐུད་བརྒྱང་དགོས་པ་རེད། ལས་གཞི་ཚད་ལེན་ཞིབ་རྩིས་ལ་གཞིར་བཟུང་ནས་གལ་ཏེ་ལམ་རྒྱུད་ཡོངས་རྫོགས་ལ་གློག་སྐུད་གསར་དུ་བརྒྱངས་ན་སྤྱི་ལེ2000ལས་བརྒལ་བས་ན། དེ་ནི་འཛམ་གླིང་རིམ་པའི་ལས་གཞི་ཡིན་པ་ནི་རང་ཤུགས་སུ་གསལ་པོར་ཤེས་ཐུབ་ལ། གློག་སྡེབ་སྐུད་ལམ་ལས་གཞི་དེ་འཛམ་གླིང་ཡོངས་ཀྱི་རིམ་གྲས་དང་པོར་སླེབས་པ་རེད།

བདུན། ཨར་ལས་ཅིག་ཅར་དུ་བྱེད་ཚད་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ།

2020ལོའི་ལོ་མཇུག་ལ་ལྕགས་ལམ་གྱི་ལམ་རྒྱུད་ཡོངས་རྫོགས་རིམ་བཞིན་དུ་ལས་མགོ་ཚུགས་ཤིང་། སྔོན་འགྲོའི་ཨར་ལས་གཙོ་བོ་ནི་གནས་སྐབས་ཀྱི་ལམ་དང་གློག་ཤུགས་ཆ་ཚང་བསྒྲིག་རྒྱུའི་ཨར་ལས་དེ་ཡིན་པ་རེད། 2025ལོའི་ཡས་མས་སུ་ལམ་རྒྱུད་ཧྲིལ་པོ་ལ་ཕུག་ལམ72དང་ཟམ་པ93ཅིག་ཅར་དུ་ཨར་ལས་བྱེད་པའི་གཞི་གྲངས་འདི་ནི་འཛམ་གླིང་ལ་དེ་རིང་མ་གཏོགས་མེད་ལ། དེ་ནི་ཀྲུང་གོ་ཁོ་ན་ལ་མཐོང་མྱོང་བྱ་རྒྱུ་ཡོད་པའི་ཚད་མཐོ་བའི་བཟོ་སྐྲུན་ཞིག་ཡིན་པ་རེད།

བརྒྱད། TBMའཕྲུལ་ཆས་སྤྱོད་ཚད་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ།

ལམ་རྒྱུད་ཧྲིལ་བོ་ལ་ཕུག་ལམ25ཡན་ཆད་ལTBMཡི་ལག་རྩལ་སྤྱད་ནས་ཕུག་ལམ་བརྐོ་བ་རེད། ཚོད་དཔག་བྱས་ན་སྐབས་དེར་ཅིག་ཅར་དུ་ལས་ཀ་སྒྲུབ་མཁན་གྱིTBM60ལས་བརྒལ་བ་འདི་ནི་རྒྱལ་ཁབ་ཆེན་པོའི་བཟོ་སྐྲུན་བྱེད་སྟངས་ཀྱི་མཐོ་རླབས་ཐེངས་ཤིག་འཕྱུར་བ་རེད། དེ་ནི་རང་རྒྱལ་གྱི་ཕུག་ལམ་འཕྲུལ་ཆས་ཡང་དུ་བཟོ་སྐྲུན་བྱེད་སྟངས་གསར་གཏོད་བྱས་པའི་མཚོན་ཚུལ་ཞིག་ཡིན་ཞིང་། དེ་ནི་འཛམ་གླིང་ཐོག་དུས་ཅིག་ཅར་དུTBMཡི་ཕུག་ལམ་འཕྲུལ་ཆས་བཀོལ་སྤྱོད་བྱེད་ཚད་ཆེས་མང་བའི་ལྕགས་ལམ་ཞིག་རྐྱང་ཡིན་པ་ནི་ཤེས་དགོས་པ་ཞིག་རེད།

དགུ། འགད་རྫས་སྤྱོད་ཚད་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ།

ལྕགས་ལམ་རྒྱུད་ཡུལ་གྱི་ས་གནས་མང་ཆེ་བ་ནི་རི་མཐོ་གཡང་གཟར་ཡིན་པར་མ་ཟད། བྲག་རྡོ་མང་བས་ངེས་པར་དུ་འགད་རྫས་སྤྱད་ནས་ཨར་ལས་བྱ་དགོས་པ་རེད། ཚོད་དཔག་བྱས་ན་ལམ་རྒྱུད་ཧྲིལ་བོར་གས་རྫས་སྤྱོད་ཚད་ཏུན་ཁྲི་བཅོ་ལྔ་ལས་བརྒལ་བར་བརྟེན། འཛམ་གླིང་ཐོག་ལས་གཞི་གཅིག་པུ་ལ་འགད་རྫས་སྤྱོད་ཚད་ཆེས་མང་བའི་ལས་གཞི་ཞིག་ཡིན་པ་རེད།དེར་བརྟེན་ཁྲོན་བོད་ལྕགས་ལམ་ཧྲིལ་བོའི་འཛུགས་སྐྲུན་ལ་སྤྱོད་དགོས་པའི་འགད་རྫས་ཀྱིས་འཛམ་གླིང་ཡོངས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་ཟིན་ཐོ་གསར་པ་ཞིག་བསྐྲུན་པ་རེད།

བཅུ། ཕུག་ལམ་ཆེས་རིང་བའི་འབེལ་ཚད་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ།

ཁྲོན་བོད་ལྕགས་ལམ་ཧྲིལ་བོ་ལ་ཕུག་ལམ100ཡོད་པ་དང་དེའི་ནང་ནས་རིང་ཚད་ལས་བརྒལ་བའི་ཕུག་ལམ30ཙམ་ཡོད་པ་དང་། རིང་ཚད་སྤྱི་ལེ20ལས་བརྒལ་བའི་ཕུག་ལམ་ཡིད་ཆེས་དཀའ་བའི་ཕུག་ལམ16ཡོད་པ་རེད།དཔེར་ན། ར་འོག་གྲོང་རྡལ་ནས་ཐང་སྨད་ལམ་རྒྱུད་གྱི་ཡིད་འོང་ཕུག་ལམ་གྱི་རིང་ཚད་ལ་སྤྱི་ལེ54ཡོད་པ་དང་། དཔའ་ཤོད་ནས་སྤོ་མས་ལམ་རྒྱུད་ཀྱི་སྤོ་སོས་ལའི་གླིང་ཕུག་ལམ་གྱི་རིང་ཚད་ལ་སྤྱི་ལེ53ཡོད་པ་དང་། དར་མདོ་ནས་ར་རྔ་ཁའི་ལམ་རྒྱུད་ཀྱི་རྒྱུ་ལའི་ཕུག་ལམ་གྱི་རིང་ཚད་སྤྱི་ལེ38.3ཡོད་པ་དང་། ལི་ཐང་ནས་འབའ་ཐང་ལམ་རྒྱུད་གྱི་མཚོ་མང་སྒང་ཕུག་ལམ་གྱི་རིང་ཚད་ལ་སྤྱི་ལེ37ཡོད་པ་ལྟར་ཕུག་ལམ་འདི་དག་གིས་ད་ལྟ་རང་རྒྱལ་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་ཡུན་ནན་ཏ་རུའེ་ལྕགས་ལམ་ཀའོ་ལི་ཀུང་རིའི་ཕུག་ལམ་གྱི་རིང་ཚད་སྤྱི་ལེ34.5ཡོད་པ་ལས་བརྒལ་ཡོད་པས། ཉིན་ཞིག་ལ་ཁྱོད་རང་མེ་འཁོར་ལ་བསྡད་ནས་ཁྲོན་བོད་ལྕགས་ལམ་ཐོག་བསྐྱོད་སྐབས་དུས་ཚོད་མང་ཆེ་བ་ཞིག་ལ་དོང་ནང་ནས་བསྒྲོད་དགོས་པ་བྱུང་ལ་ལམ་བར་གྱི་མཛེས་ལྗོངས་མཐོང་སྲིད་རྒྱུ་མ་རེད།།

  • ལེ་ཚན་སྔོན་མ།:དབུལ་ཞྭ་ཕུད་པའི་ལས་འགན་གྲུབ་ཅིང་ཕྱོགས་བསྡུས་གདེང་འཇོག་ཡག་པོ་ཐོབ་རིགས་ལ་སྒོར་ཁྲི1000གི་བྱ་དགའ་ཡོད།
  • ལེ་ཚན་རྗེས་མ།:ཕོ་བྲང་པོ་ཏ་ལར་སྲུང་སྐྱོང་འདི་འདྲ་བྱེད་བཞིན་འདུག
  • དོ་སྣང་ཆེ་བའི་རྩོམ།