གློག་རྡུལ་ཚོང་ལས་ཀྱིས་ཕྱུག་པོར་ཆགས་པའི་ལམ་བུ་རྒྱ་སྐྱེད་གཏོང་།

ཀུན་དགས་བསྒྱུར།        2020-11-16

གློག་རྡུལ་ཚོང་ལས་ཀྱིས་ཕྱུག་པོར་ཆགས་པའི་ལམ་བུ་རྒྱ་སྐྱེད་གཏོང་།

རྡོ་རི་ལུང་གྲོང་མིས་གཡེར་མ་འཐུ་བཞིན་པའི་ཚུལ།

དྲྭ་ཐོག་ནས་ཚབ་ཉོ་དང་ཡུལ་ཐོན་ཁྱད་རྫས་འཚོང་རོགས། གྲོན་འཇལ་སྔོན་ཉར། མྱུར་སྐྱེལ་གཏོང་ལེན། ཆ་འཕྲིན་བློ་འདྲི། དྲྭ་རྒྱ་ཁྱབ་གདལ་སོགས་བྱེད་བཞིན་པ་ནི་དུས་རབས་དང་མཐུན་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཡིན་པ་རེད།

ཉེ་ཆར།བརྒྱད་ཟིལ་རྫོང་འུ་ལ་གཤིས་གྲོང་རྡལ་སྲིད་གཞུང་གི་སྒོ་རའི་ནང་གི་སྒོ་བྱང་ཐོག་གློག་རྡུལ་ཚོང་ཁང་ཞེས་པའི་ཡིག་འབྲུ་འགའ་སྦྱར་ཡོད་པ་སྟེ། 2020ལོའི་དཀར་མཛེས་མཉམ་འདྲེས་འཕྲིན་སྦྱོར་བཅར་འདྲིའི་ཚོགས་ཆུང་ལྔ་པས་བཅར་འདྲི་བྱ་རྒྱུའི་དམིགས་ཡུལ་དུ་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱིས་གློག་རྡུལ་ཚོང་གཉེར་འདུ་ཤེས་བརྟན་དུ་བཏང་བ་དང་ཆབས་ཅིག དྲྭ་ཐོག་ཚོང་དོན་གྱི་རྨང་གཞི་མུ་མཐུད་ནས་བརྟན་དུ་བཏང་ཡོད། བརྒྱད་ཟིལ་རྫོང་འུ་ལ་གཤིས་གྲོང་རྡལ་གྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གློག་རྡུལ་ཚོང་དོན་ལ་བརྟེན་ནས་ཁྱད་ཆོས་མངོན་གསལ་དོད་པའི་དབུལ་ཐར་ལམ་བུའི་ཐོག་བསྐྱོད་ཐུབ་ཡོད། འུ་ལ་གཤིས་གྲོང་རྡལ་གྱི་དྲྭ་ཐོག་ཚོང་དོན་སྐོར་གླེང་སྐབས་གྲོང་རྡལ་དེའི་དྲྭ་ཐོག་ཚོང་དོན་གྱི་དབུལ་སྐྱོར་དཔེ་སྟོན་ས་ཚུགས་རྡོ་རི་ལུང་གྲོང་སྡེའི་བརྒྱུད་རིམ་མི་གླེང་ཐབས་མེད་རེད། གློག་རྡུལ་ཚོང་དོན་དར་སྤེལ་བཏང་བར་རྒྱུས་ལོན་དང་། རྡོ་རི་ལུང་གྲོང་སྡེའི་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ལེའུ་གསར་པ་བརྩམ་ཆེད། གསར་འགོད་པ་དང་བཅས་པ་རླངས་འཁོར་ལ་བསྡད་དེ་རྡོ་རི་ལུང་གྲོང་སྡེ་རུ་སོང་ནས་དངོས་སུ་ཆ་རྒྱུས་ལོན་པ་རེད།

གློག་རྡུལ་ཚོང་དོན་ལ་བརྟེན་ནས་གྲོང་མིའི་སྒོར་ཁུག་མཐུག་པོར་གྱུར།

སྨུག་སྤྲིན་གྱིས་ཁེབས་པའི་རི་ལུང་བརྒྱུད་ནས་བསྐྲུན་པའི་གྲོང་བགྲོད་གཞུང་ལམ་གྱི་འགྲམ་དུ་ཟུར་གསུམ་དབྱིབས་ཀྱི་རྡོ་ཆེན་པོ་ཞིག་གི་སྟེང་དུ་རྡོ་རི་ལུང་གྲོང་སྡེ་ཞེས་པའི་ཡི་གེ་དམར་པོ་འགའ་བྲིས་འདུག དེ་ནས་མུ་མཐུད་དུ་མདུན་སྐྱོད་བྱས་ཏེ་སྐར་མ་བཅུ་ཙམ་འགོར་རྗེས་གསར་འགོད་པ་དང་བཅས་པ་རྡོ་རི་ལུང་གྲོང་སྡེ་ལ་སླེབས།

རྡོ་རི་ལུང་གྲོང་སྡེ་ནི་འུ་ལ་གཤིས་གྲོང་རྡལ་གྱི་ལྷོ་ནུབ་ངོས་སུ་གནས་ཡོད་ཅིང་། མངའ་ཁོངས་སུ་རྡོ་རི་ལུང་ཚོགས་ཆུང་དང་པོ་དང་རྡོ་རི་ལུང་ལ་པཱ་ཝན་ཚོགས་ཆུང་། རྡོ་རི་ལུང་འབྲོག་ར་ཚོགས་ཆུང་བཅས་ཚོགས་ཆུང་གསུམ་ལས་གྲུབ་པ་ཞིག་རེད། ཕག་གསོ་ཚགས་དང་གཡེར་མ་ཐོན་ལས་སོགས་ཁྱད་ཆོས་ཐོན་ལས་ཀྱིས་སྣེ་ཁྲིད་བྱས་འོག 2017ལོར་གྲོང་སྡེ་ཡོངས་རྫོགས་དབུལ་ཐར་བྱུང་ཡོད། 2019ལོའི་ལོ་མཇུག་བར་གྲོང་སྡེའི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར11000ལ་ཟིན་པ་དེ2017ལོ་དང་བསྡུར་ན་བརྒྱ་ཆ10འཕར་ཡོད།

གྲོང་སྡེའི་ཚོང་ཁང་གི་སྒོ་འགྲམ་དུ་སྐབས་བསྟུན་བཅར་འདྲི་བྱེད་སྐབས།གྲོང་མི་ཚོས་མ་གྲོས་གཅིག་མཐུན་ངང་ནས་གློག་རྡུལ་ཚོང་དོན་ལས་སྟེགས་ཀྱིས་ང་ཚོའི་ཡོང་འབབ་མང་དུ་བཏང་བས་མ་ཚད་ང་ཚོར་རེ་བ་གསར་པ་སྦྱིན་ཡོད་ཅེས་ལན་བརྒྱབ།

གྲོང་མིས་གླེང་བཞིན་པའི་གློག་རྡུལ་ཚོང་དོན་ལས་སྟེགས་ཀྱི་རྒྱུ་རྐྱེན་ངོས་ནས་བརྗོད་ན། ལྷོ་ནུབ་སྣུམ་ཞིང་སྤྱི་གཉེར་ཁང་ནི་གནད་འགག་ཁྲོད་ཀྱི་འགག་རྩ་ཡིན་ཞིང་། 2015ལོ་ནས་བཟུང་ལྷོ་ནུབ་སྣུམ་ཞིང་སྤྱི་གཉེར་ཁང་གིས་རྡོ་རི་ལུང་གྲོང་སྡེ་ལ་གནད་སྨིན་གཏན་འཁེལ་གྱི་དབུལ་སྐྱོར་དང་གཙོ་གནད་རོགས་སྐྱོར་བྱས་ནས་གྲོང་མི་ཚོ་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱས་ཡོད། གྲོང་སྡེ་དར་རྒྱས་དང་དབུལ་ཐར་འགག་སྒྲོལ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་ཆབས་ཅིག ལྷོ་ནུབ་སྣུམ་ཞིང་སྤྱི་གཉེར་ཁང་གིས་རྡོ་རི་ལུང་གྲོང་སྡེའི་རང་ངོས་ཀྱི་ཁྱད་ཆོས་དང་དྲྭ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ལ་དམིགས་ནས་རྡོ་ལུང་གྲོང་སྡེའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

2019ལོའི་སྤྱི་ཟླ11པར།ལྷོ་ནུབ་སྣུམ་ཞིང་སྤྱི་གཉེར་ཁང་གིས་འུ་ལ་གཤིས་གྲོང་རྡལ་ཏང་ཨུ། སྲིད་གཞུང་དང་མཉམ་དུ“ས་གནས་ནོར་བུ་གཅེས་འདེམས་བྱེད”ཅེས་པའི་ཕྱིར་ཚོང་མ་ལགAPPམཉམ་འབྲེལ་ཐོག་བཏོད་ཡོད། དུས་མཚུངས་སུ་སྤྱི་གཉེར་ཁང་གི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཉོ་སྒྲུབ་བྱེད་རོགས་བྱས་པའི་དབུལ་སྐྱོར་གནད་སྨིན་གྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཞིང་དུད་ཀྱི་ཕག་གསོའི་ཚོང་ལམ་ཆུང་བ་དང་། བྲིན་ཚོང་དཀའ་བ། རིན་གོང་དམའ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས། དེ་ནས་བཟུང་རྡོ་རི་ལུང་གྲོང་མི་ཚོས་བརྒྱུད་སྒྲོག་བྱེད་བཞིན་པའི“གློག་རྡུལ་ཚོང་དོན་དབུལ་སྐྱོར”ཉམས་ལེན་བྱེད་མགོ་བཙུགས་ཡོད་པ་རེད།

རྡོ་རི་ལུང་གྲོང་སྡེའི་ལོ་ན78ལ་སོན་པའི་ཏང་ཡོན་རྒན་གྲས་ཧོང་ཙེ་ཀུའེ་ནི་གྲོང་སྡེའི་ནང་གི་འཇོན་མི་བློ་འདྲི་སའི་གྲས་ཤིག་ཡིན་ཞིང་། སྡེ་བའི་ནང་གི་ལོ་བཅུ་ཕྲག་ཁ་ཤས་རིང་གི་འཕོ་འགྱུར་གྱི་གནས་ཚུལ་གསལ་པོར་ཤེས་ཀྱིན་ཡོད། ལོ་གཉིས་ཀྱི་གོང་དུ་གློག་རྡུལ་ཚོང་དོན་དབུལ་སྐྱོར་ཞེས་པའི་ཐ་སྙད་དེ་ཐོག་མར་ཐོས་སྐབས། དོགས་པ་མང་པོ་ཡོད་ཀྱང་ཧོང་ཙེ་ཀུའེ་ཡིས་དེ་ནི་མི་སེམས་ལ་སྐུལ་མ་གཏོང་བའི་བྱ་བ་ཞིག་རེད་སྙམ།

ད་ཆ་དྲྭ་ཐོག་ཚོང་དོན་ལས་སྟེགས་ལ་རྡོ་རི་ལུང་གྲོང་མིས་དགའ་པོ་བྱེད་ཀྱི་ཡོད། ལས་སྟེགས་བརྒྱུད་དེ་གྲོང་སྡེའི་ནང་གི་ཁྱད་ཆོས་ཐོན་རྫས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཕྱིར་འཐོན་གྱིན་ཡོད། གནས་ཚུལ་དངོས་སུ་མཐོང་རྗེས་ཧོང་ཙེ་ཀུའེ་ཡིས་དྲྭ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ཐད་རྒྱུས་ལོན་གསར་པ་བྱུང་ནས། ཁོས་གསར་འགོད་པར་གློག་རྡུལ་ཚོང་དོན་གྱིས་གྲོང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་མ་ཚད་མི་རྣམས་ཀྱི་འཚོ་བ་ལེགས་བཅོས་བཏང་དང་གཏོང་བཞིན་ཡོད་པས་དངོས་གནས་ཡག་པོ་འདུག་ཅེས་བཤད།

རྡོ་རི་ལུང་གྲོང་སྡེའི་སློབ་ཆེན་སློབ་མ་མའོ་སི་རུང་གིས་དྲྭ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ཐད་རང་ཉིད་ཀྱི་བསམ་ཚུལ་ཅུང་བཤད་དོན། གློག་རྡུལ་ཚོང་དོན་ལས་སྟེགས་བརྒྱུད་ནས་གྲོང་མིའི་ཤ་བསྙལ་མ་དང་གཡེར་མ་སོགས་ཁྱད་ཆོས་ཐོན་རྫས་གྲོང་ཁྱེར་མི་ཚོའི་གསོལ་ལྕོག་ཐོག་བཀྲམ་རྒྱུ་བྱུང་བ་ནི་དགའ་འོས་པ་ཞིག་རེད། ང་ཚོས་དྲྭ་ཐོག་ཚོང་དོན་ལས་སྟེགས་ཡག་པོ་སྤྱད་དེ་དངོས་འབྲེལ་ཕྱུག་པོ་ཆགས་རྒྱུའི་རེ་བ་ཡོད་ལ། རྗེས་ཕྱོགས་དེའི་ཐད་ཀྱི་ཆེད་ལས་ལ་སྦྱངས་པ་བྱས་ཏེ་ཕ་ཡུལ་གྱི་འཕེལ་རྒྱས་ལ་རང་ནུས་གང་ལྕོགས་ཀྱིས་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།

གློག་རྡུལ་ཚོང་དོན་ལ་བརྟེན་ནས་ཕག་ཤའི་ཕྱིར་འཚོང་བྲིན།

དྲྭ་ཐོག་ཚོང་དོན་ལས་སྟེགས་ལ་རྡོ་རི་ལུང་གི་གྲོང་མི་ཚོས་དགའ་པོ་བྱེད་ཀྱི་ཡོད། དེའི་རྒྱབ་ཏུ་གཏམ་རྒྱུད་གང་འདྲ་ཞིག་ཡོད་དམ། གབ་ཚིག་གི་མཐིལ་བརྟོལ་ཆེད་གསར་འགོད་པ་དང་བཅས་པ་ཧྲི་ཆང་ཕག་པ་གསོ་ཚགས་མཉམ་ལས་ཁང་དུ་སོང་བ་ཡིན།

ཧྲི་ཆང་ཕག་པ་གསོ་ཚགས་མཉམ་ལས་ཁང་ནི་ལྷོ་ནུབ་སྣུམ་ཞིང་སྤྱི་གཉེར་ཁང་གིས་གནད་སྨིན་གཏན་འཁེལ་གྱི་དབུལ་སྐྱོར་བྱས་པའི་བསྡུས་རིས་ཤིག་ཡིན་ཏེ། 2016ལོར་བཙུགས་པ་དང་། 2018ལོར་མཉམ་ལས་ཁང་གིས་ཕག་ཤ་བསྙལ་མ་དང་ཤ་རྒྱུ་ལས་སྣོན་བཟོ་གྲྭ་བཙུགས་ནས་ཐོན་ལས་སྦྲེལ་ཐག་རྒྱ་ཆེར་གཏོང་བ་དང་ཕྱིར་འཚོང་ཁྲོམ་ར་གཏོད་ཆེད་གསོན་ཤུགས་གསར་པ་བསྣན་ཡོད།

2019ལོར་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་ཆེད། ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་དང་། ཤུགས་རྐྱེན་ཐེབས་ཚད། འགྲན་རྩོད་བྱེད་ནུས་བཅས་ཆེ་རུ་བཏང་ནས་ལྷོ་ནུབ་སྣུམ་ཞིང་སྤྱི་གཉེར་ཁང་དང་འུ་ལ་གཤིས་གྲོང་རྡལ་བར་གྲོས་བསྡུར་ཐེངས་མང་བྱས་མཐར་ཀྲུང་གོའི་རྡོ་སྣུམ་ལྷོ་ནུབ་སྣུམ་ཞིང་སྤྱི་གཉེར་ཁང་གི་ལས་བཟོ་པ་མང་ཚོགས་དམིགས་འབེན་དུ་བཟུང་ནས། སི་ཁྲོན་བདུད་སྒམ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་དྲྭ་ཐོག་གཉེར་འཚོང་བྱེད་པའི་དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་གི་བསམ་ཕྱོགས་རྙེད་པ་རེད།

མཉམ་ལས་ཁང་གི་འགན་འཁུར་བ་ཀྲའོ་ཡོན་པུའུ་དང་གསར་འགོད་པ་ལྷན་ཕེབས་མཉམ་ལས་ཁང་གི་ཤ་བསྙལ་མ་ལས་སྣོན་བཟོ་གྲྭར་བསྐྱོད། ཀྲའོ་ཡོན་པུའུ་ཡིས་ཕག་པ་གསོ་ཚགས་བཤས་བཏང་རྗེས་ལས་སྣོན་བཟོ་གྲྭས་གཅིག་གྱུར་ཐོག་ཡང་བསྐྱར་ཉོ་སྒྲུབ་བྱས་རྗེས། བཤས་གཏོང་ཕག་ཤ་ཤིང་སྒྲོམ་ཐོག་ལྷགས་པ་རྒྱག་གི་ཡོད། ཟླ་བ་གཅིག་ཙམ་འགོར་རྗེས་ཁྱད་ལྡན་ཤ་བསྙལ་མ་བཟོས་ཚར་བ་རེད། དེ་རྗེས་ལས་དོན་མི་སྣས་ཤ་བསྙལ་མ་སྟོང་སངས་ཐུམ་སྒྲིལ་བྱས་ཏེ་ནོར་འཁོར་བོད་དུ་གཅེས་ཉར་བྱེད་པའི་མ་ལགAPPབརྒྱུད་གྲོང་ཁྱེར་ཆེན་པོ་ཁག་ལ་གཏོང་བཞིན་ཡོད་ཅེས་བཤད།

གཞི་གྲངས་ལ་བལྟས་ནས་བསྡོམས་རྩིས་བྱས་པར་གཞིགས་ན། 2019ལོར་ས་གནས་ནོར་བུ་གཅེས་འདེམས་མ་ལགAPPསྤྱད་དེ་ཧྲི་ཆང་ཕག་པ་གསོ་ཚགས་མཉམ་ལས་ཁང་གིས་གཅིག་སྡུད་དང་ཁ་ཐོར་ཉོ་སྒྲུབ་བྱས་པའི་དངུལ་འབོར་སྒོར་ཁྲི50ལྷག་ཙམ་ལ་ཟིན་ཡོད་པ་དང་། རྡོ་རི་ལུང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི3.3རག་ཡོད། གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་སྒོར130ལ་ཟིན་ནས་དུད་ཚང་དབུལ་པོ་རེར་ཆ་སྙོམས་འབབ་འཕར་སྒོར8000ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བ་དང་རྡོ་རི་ལུང་གྲོང་སྡེའི་དབུལ་ཐར་ཕན་འབྲས་སྲ་བརྟན་ནུས་ལྡན་བྱུང་ཡོད།

ད་ཆ་དྲྭ་ཐོག་ཚོང་དོན་ལས་སྟེགས་ཀྱི་མྱུར་འཁོར་ནང་ཞུགས་པས་རྡོ་རི་ལུང་གྲོང་སྡེའི་ཤ་བསྙལ་མ་ཕྱིར་འཚོང་བྱེད་དཀའ་མོ་མ་རེད་མོད། འོན་ཀྱང་མྱུར་སྐྱེལ་རླངས་འཁོར་མ་ཐོན་གོང་དུ་གྲོང་མི་ཚོས་ཕག་པ་གསོ་དོན་ནི་རང་ཁ་རང་གསོ་བྱེད་ཆེད་ཡིན་པ་ལས་ཡོང་འབབ་འཕར་སྣོན་གྱི་ཐད་བསམ་བློ་གཏང་མི་སྲིད། ཀྲའོ་ཡོན་པུའུ་ཡིས་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུ་ནི་འགག་རྩ་ཡིན་པའི་ངོས་འཛིན་བྱས་ཏེ་ཡོང་འབབ་ཇི་ཙམ་མང་དུ་ཕྱིན་ན་གྲོང་མིའི་ཕག་གསོའི་བརྩོན་སེམས་དེ་བས་ཆེ་རུ་འགྲོ་བ་དེས་གྲོང་ཚོ་ཡོངས་ཀྱི་དམངས་འཚོའི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ལྡན།

འབྱུང་འགྱུར་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྲའོ་ཡོན་པུའུ་ལ་རང་ཉིད་ཀྱི་འཆར་གཞི་ཡོད་ཅིང་། ཁོང་གིས་ང་ཚོས་ལྷོ་ནུབ་སྣུམ་ཞིང་སྤྱི་གཉེར་ཁང་གི་གློག་རྡུལ་ཚོང་དོན་རོགས་སྐྱོར་སྟེགས་བུ་བརྒྱུད་ནས། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་སྐྱོར་འོག་རྡོ་རི་ལུང་པའི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བཤད།།

གློག་རྡུལ་ཚོང་དོན་གྱིས་རམ་འདེགས་བྱས་ཏེ་འབབ་འཕར་ཡོང་བར་ རྨང་གཞི་བཏིང་།

རྡོ་རི་ལུང་གྲོང་སྡེའི་སྔོ་ལྗང་ལྗོན་ཤིང་གི་བར་གསེབ་ཏུ་གཡེར་མ་མཐུན་ཚོགས་ཀྱི་མཚོན་རྟགས་ཤིག་བཙུགས་ཡོད་ཅིང་། མུ་མཐུད་འགྲོ་སྐྱོད་བྱེད་སྐབས་མི་རིགས་ཐང་ཆེན་གྱི་འགྲམ་དུ་གཡེར་མ་འཐུ་མཁན་གྲོང་མི་མི་ཉུང་བ་ཞིག་འདི་གར་ངལ་གསོ་བརྒྱབ་ནས་བསྡད་འདུག གྲོང་མི་རེ་རེའི་ཁྱིམ་དུ་སྐྱོད་སྐབས་ཨར་འདམ་ཐང་དུ་ཉི་མར་སྲད་བཞིན་པའི་གཡེར་མའི་དྲི་ཞིམ་གང་སར་འཐུལ། སྐར་མ་ཉི་ཤུ་ལྷག་ཙམ་རིང་བཅར་འདྲི་བྱེད་སྐབས་གསར་འགོད་པ་བཅས་པས་བརྒྱད་ཟིལ་གཡེར་མ་ཐོན་ལས་ལ་དེ་བས་རྒྱུས་ལོན་བྱུང་ཡོད།

རྡོ་རི་ལུང་གྲོང་སྡེའི་མཚོ་འཕགས2100ཙམ་ཡིན་པས་ལོ་ཧྲིལ་པོར་སད་མེད་དུས་ཚོད་ཉིན310ལ་སླེབས་ཤིང་། ས་རྒྱུའི་ནང་དུ་ཕུན་སུམ་ཚོགས་པའི་གཞི་རྒྱུ་འདུས་སྟབས་གཡེར་མ་སྐྱེ་བར་ཧ་ཅང་འཚམ། ཐོན་ལས་དབུལ་ཐར་གྱི་སྣེ་ཁྲིད་འོག གཡེར་མ་འདེབས་འཛུགས་དེ་གྲོང་ཚོ་དེའི་གཙོ་གནད་ཐོན་ལས་སུ་གྱུར་ནས་གཡེར་མ་མུའུ800ལྷག་ཙམ་གྱིས་གྲོང་མིར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད། ད་ཆ་དྲྭ་ཐོག་ཚོང་དོན་ལས་སྟེགས་ཀྱི་རོགས་རམ་ཐོབ་ནས་གཡེར་མ་དེ་གྲོང་མིའི་ཡོང་འབབ་འཕར་སྣོན་གྱི་རྒྱུ་རུ་གྱུར་ཡོད། ཡིན་ནའང་སྔོན་ཆད་རྨོ་ཞིང་ཉུང་བའི་རྐྱེན་གྱིས་གྲོང་མི་ཚོས་རྨོ་ཞིང་གི་མཐའ་ཟུར་དུ་གཡེར་མ་བཏབ་ནས་ཚན་རིག་དང་མི་མཐུན་པའི་འདེབས་འཛུགས་བྱེད་ཀྱི་ཡོད། དེས་ན་གཡེར་མ་ཐོན་ཚད་དམའ་ཞིང་བཙོང་མི་ཐུབ་པས་གྲོང་མི་ཚོས་ཐད་ཀར་གཡེར་མའི་སྡོང་པོ་བུད་ཤིང་ལ་བརྩིས་ནས་མེར་བསྲེགས་མྱོང་།

2017ལོ་ནས་བཟུང་། ཀྲུང་གོའི་རྡོ་སྣུམ་ལྷོ་ནུབ་སྣུམ་ཞིང་སྤྱི་གཉེར་ཁང་གིས་རོགས་སྐྱོར་འོག རྡོ་རི་ལུང་གྲོང་ཚོས་གྲོང་མིའི་འཐུས་མི་ཁག་ཅིག་སྒྲིག་འཛུགས་བྱས་ཏེ་ཧན་ཡོན་དང་ཧྲི་མན་སོགས་ས་ཁུལ་དུ་གཡེར་མའི་ཐོན་ལས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་ནས་ཉིན་ལྔའི་དུས་ཚོད་སྤྱད་དེ་གཡེར་མ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱས། རྟོག་ཞིབ་ཐེངས་གཅིག་བྱས་རྗེས་གྲོང་མི་ཚོས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ཀྱི་དོན་སྙིང་གལ་ཆེན་ཤེས་རྟོགས་གཏིང་ཟབ་བྱས་ཡོད།

གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲེན་ཡུན་ཧྭ་ཡིས་གསར་འགོད་པར་གཡེར་མ་ཡོང་འབབ་ལེགས་པའི་དུས་སུ་སླེབས་རྗེས། མུའུ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་ལས་བརྒལ་ཐུབ། དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཆེན་པོ་ཡོད། དེང་སང་གློག་རྡུལ་ཚོང་དོན་གྱི་ལས་སྟེགས་ཡོད་པས་གྲོང་མིས་གཡེར་མ་འཐུ་བ་དང་ཉི་མར་བསྲད་རྗེས། ཐད་ཀར་ཆེད་ལས་མི་སྣས་སྒོ་རྩར་ཚོང་ཟོག་ལེན་པར་ཡོང་བས་མ་ཚད་སྒོར་མོ་ཡང་ལག་ཐོག་ནས་སྤྲད་པ་རེད་ཅེས་བཤད།

དྲྭ་ཐོག་ཚོང་དོན་ལས་སྟེགས་ལས་རྡོ་རི་ལུང་གྲོང་སྡེའི་གཡེར་མའི་འགྲོ་ལམ་གསར་པ་རྙེད་པར་མ་ཟད། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་གྲོང་མི་ཚོའི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་ཡོད། བཅར་འདྲི་བྱས་མཐར། ཁྲིན་ཡོན་ཧྭ་ཡིས་ཁ་སྣོན་བྱས་དོན། གཡེར་མ་མགྱོགས་མྱུར་ངང་བཙོངས་རྗེས་སྡེ་མི་རྣམས་ལ་བྱ་བ་གཞན་པ་སྒྲུབ་པའི་དུས་ཚོད་མང་པོ་ཡོད། དཔེར་ན། གསོག་འཛུགས་དང་གསོ་སྤེལ་གྱི་ལག་རྩལ་གསར་པ་སྦྱོང་བ། སྒོ་ར་གཙང་སྦྲ་བྱེད་པ། ཕྱིར་གླ་པར་སྐྱོད་པ། དེ་ནི་གྲོང་སྡེའི་ཉམས་འགྱུར་ལེགས་སུ་གཏོང་རྒྱུར་ཕན་ཐོགས་ཡོད་པར་མ་ཟད། གྲོང་སྡེའི་ཤེས་དཔལ་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ་ང་ཚོས་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ལམ་བུའི་ཐོག་དེ་བས་མཐོང་ཐུབ་པ་བྱུང་ཡོད་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་ལ“ཀྲུང་གོའི་བོད་ཁང་དཀར་པོའི་རིག་གནས་ཀྱི་ ཆོལ་ཁ”ཞེས་པའི་མིང་བྱང་གསར་པ་ཐོབ།
  • ལེ་ཚན་རྗེས་མ།:སི་ཁྲོན་དཀར་མཛེས་རྫོང་གི་ཡུལ་གཞན་དུ་གནས་སྤོས་ཡུལ་མིའི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན་པ།
  • དོ་སྣང་ཆེ་བའི་རྩོམ།