ཕྱག་ཕྲེང་རྫོང་ལ“ཀྲུང་གོའི་བོད་ཁང་དཀར་པོའི་རིག་གནས་ཀྱི་ ཆོལ་ཁ”ཞེས་པའི་མིང་བྱང་གསར་པ་ཐོབ།

ལྷ་འཛོམས་ཀྱིས་བསྒྱུར།        2020-11-16

ཕྱག་ཕྲེང་རྫོང་ལ“ཀྲུང་གོའི་བོད་ཁང་དཀར་པོའི་རིག་གནས་ཀྱི་ ཆོལ་ཁ”ཞེས་པའི་མིང་བྱང་གསར་པ་ཐོབ།

སྤྱི་ཟླ11པའི་ཚེས5ཉིན་ལ་གསར་འགོད་པས་ཕྱག་ཕྲེང་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ལ“ཀྲུང་གོའི་བོད་ཁང་དཀར་པོའི་རིག་གནས་ཀྱི་ཆོལ་ཁའི”མིང་འདོགས་རྒྱུའི་ཆོད་དོན་ཡིག་ཆ་དངོས་སུ་འགྲེམས་སྤེལ་བྱས་པ་རེད།

མིང་འདོགས་པའི་ཆོད་དོན་ནང་བསྟན་དོན། ཕྱག་ཕྲེང་རྫོང་ནི་སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། གནའ་བོའི་ཚོང་འདྲེན་གདལ་ལམ་ཐོག་གི་བབ་ཚུགས་གལ་ཆེན་དང་ཤམ་བྷ་ལའི་རིག་གནས་སྐྱེ་ཁམས་གླིང་ཁུལ་གྱི་ལྟེ་གནས་ས་ཁོངས་ཡིན་པ་རེད། བོད་ཁང་དཀར་པོ་ནི་ཕྱག་ཕྲེང་གི་གྲོང་གསེབ་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། བོད་རིགས་མི་དམངས་མི་ཚེ་མི་རབས་ལ་འཚོ་སྡོད་བྱེད་སྟངས་ཀྱི་དཔེ་མཚོན་དུ་མངོན་པ་ཞིག་ཀྱང་ཡིན། ཕྱག་ཕྲེང་གི་དམངས་ཁྲོད་སྒྱུ་རྩལ་གྱི་འདེགས་སྐྱོར་གལ་ཆེན་དང་སྙིང་བཅུད་ཕྱོགས་བསྡུས་བྱས་པ་ཞིག་ཀྱང་ཡིན་པ་རེད།

ཉེ་བའི་ལོ་ཤས་རིང་། ཕྱག་ཕྲེང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཤུལ་བཞག་རྒྱུད་འཛིན་དང་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་བླ་ན་མེད་པར་བྱས་ནས་དམངས་འཚོར་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏང་རྒྱུ་དེ་ལས་ཀའི་མགོ་ཚུགས་ས་དང་མཇུག་བསྡུ་སར་བྱས་པར་བརྟེན། “ཞིང་སྡེའི་བོད་ཁང་དཀར་པོའི་གནས་མཆོག་ཤམ་བྷ་ལ”ཞེས་པའི་རིག་གནས་ཁྱད་རྟགས་གསོ་སྐྱོང་ཡང་དག་པ་བྱས་ནས་གསོན་ཉམས་ལྡན་པའི་དམངས་སྲོལ་བྱེད་སྒོ་རབ་དང་རིམ་པ་ཁྲིད་སྟོན་བྱས་ནས་གྲོང་སྡེ་དར་རྒྱས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེ་རུ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།“བོད་ཁང་དཀར་པོ”ནི་ཕྱག་ཕྲེང་རྫོང་གི་སྤྱི་ཚོགས་རིག་གནས་སྣ་ཚོགས་ལས་བསྡུས་པའི“རྩེ་གྲ་གསུམ”གྱི་ཡ་གྱལ་ཡིན་པའི་ངོས་ནས་བཤད་ན། རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས། བོད་ཁང་དཀར་པོའི་རིག་གནས་དེ་ཕྱག་ཕྲེང་མི་དམངས་ཀྱི་འཚོ་བའི་ཕྱོགས་གང་ཅིའི་ཐད་ལ་ཁྱབ་ཅིང་། ས་གནས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་རྣམ་པ་ལྡན་ཞིང་། མ་ལག་རང་གྲུབ་ཀྱི་རིག་གནས་ཁྱད་རྟགས་ཤིག་ཏུ་གྱུར་ཡོད། དེ་ནི་འཕྲལ་དུ་སྲུང་སྐྱོང་བྱ་དགོས་པའི་དངོས་མིན་རིག་གནས་ཤུལ་བཞག་གལ་ཆེན་ཞིག་རེད། ཨར་ལས་ཇུས་འགོད་ཀྱི་དཔེ་རིས་གང་ཡང་མེད་པའི་ས་ཤིང་ལས་གྲུབ་པའི་བཟོ་སྐྲུན་དེ་རིགས་འཛམ་གླིང་གི་འཛུགས་སྐྲུན་ལོ་རྒྱུས་ཐོག་ཏུ་རང་ལུགས་གསར་གཏོད་ཅིག་རེད། དེའི་བཟོ་སྐྲུན་གྱི་རྣམ་པ་གཅིག་གྱུར་དང་། ཁང་པའི་སྤྱི་ཡོངས་ནི་སྐས་དབྱིབས་ཅན་ཞིག་ཡིན་པ། ཕྱི་གྱང་ནི་སྟེང་ནས་འོག་ཏུ་ནང་དུ་གསེག་ལ། ནང་གྱང་ནི་དྲང་འཕྱང་ཡིན། དཀྱིལ་ནས་གྲུ་བཞི་དབྱིབས་ཀྱི་སྒོ་ར་ཆུང་ཆུང་ཞིག་བསྐོར་ཡོད། བོད་ཁང་ཤིང་གདུང་གིས་འདེགས་སྐྱོར་བྱེད་ཅིང་། ཁང་པའི་ཀ་བའི་མང་ཉུང་དང་བསྟུན་ནས་ཁང་པའི་ཆེ་ཆུང་གྲུབ་པར་བྱེད་པ། ཁང་པ་བསྐྲུན་རྗེས་ཕྱིའི་གྱང་ངོས་ཀྱི་མཚོན་མདོག་དཀར་པོ་དེ་ནི་ཡུལ་དེའི་མི་རྣམས་ཀྱིས་ཕྱག་ཕྲེང་ལ་དམིགས་བསལ་དུ་ཡོད་པའི་ཨར་ཀ་ས་ཆུས་བརྫིས་ནས་ས་འདམ་དཀར་པོས་བཟོས་ནས་ཇ་དེམ་སོགས་ཀྱི་ཡོ་བྱད་ནང་དུ་བླུགས་ནས་གྱང་སྟེང་ནས་དལ་མོར་བླུགས་ཏེ་གྱང་ངོས་ཡོངས་སུ་དཀར་པོར་བཟོས་པ་རེད། དཀར་ཞིང་གསལ་བའི་བྱུག་རྫས་འདི་ནི་མཛེས་སྡུག་གི་ཆེད་དུ་ཡིན་པར་མ་ཟད། ད་དུང་ཆར་པ་འགོག་པའི་ནུས་པའང་ཡོད། དེ་ནི་མི་རབས་ནས་མི་རབས་བར་གྱི་ཕྱག་ཕྲེང་བའི་ས་ཁོངས་དང་དུས་ཚོད་ལས་བརྒལ་བའི་ཕུལ་བྱུང་གི་བརྩམས་ཆོས་ཤིག་ཀྱང་རེད། ད་ལྟར་མུ་ཏིག་ལྟ་བུའི་བོད་ཁང་དང་མཛེས་སྡུག་ལྡན་པའི་བོད་ཡུལ་ཞིང་སྡེ་ནི་སྔར་བཞིན་ཕན་ཚུན་སྤེལ་རེས་བྱས་ཏེ། ཐུན་མོང་ཐོག“ཤམ་བྷ་ལ”ཡི་མཛེས་ལྗོངས་ཤིག་ཆགས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་དཔལ་ཡུལ་རྫོང་དུ་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:གློག་རྡུལ་ཚོང་ལས་ཀྱིས་ཕྱུག་པོར་ཆགས་པའི་ལམ་བུ་རྒྱ་སྐྱེད་གཏོང་།
  • དོ་སྣང་ཆེ་བའི་རྩོམ།