ཡིད་མ་ཕམ།

འབྲོག་སྨྱུག་གྲོལ།        2020-11-11

ད་ལོའི་དཔྱིད་ཀ་ལ་ཉི་ཟླའི་འོད་མདངས་ཤོར།།

གཏན་འདུན་མཐུར་མེད་ལ་གས་ཆག་མ་བྱུང་བར།།

ཕུར་ཚུགས་རྒོད་པོ་ལ་ལྷན་པ་བཟང་གྱུར་ན།།

སང་ལོའི་དཔྱིད་ཀ་ལ་འོད་ཟེར་འཕྲོ་སྲིད་དོ།།

ད་ལོའི་དབྱར་ཁ་ལ་དྲག་ཆར་རྒོད་ན་ཡང་།།

ཕུགས་འདུན་གཙང་མ་ལ་ཕྱི་བཤོལ་མི་འབྱུང་བར།།

ཐོས་བསམ་དྲ་མིག་ལ་གཤོག་པ་ཐོགས་གྱུར་ན།།

སང་ལོའི་དབྱར་ཁ་ལ་འདབ་བརྒྱ་བཞད་སྲིད་དོ།།

ད་ལོའི་སྟོན་ཀ་ལ་ལོ་ལེགས་ངན་ན་ཡང་།།

ཤེས་བྱའི་འབྲས་བུ་ལ་ངན་སྐྱོན་མ་ཤོར་བར།།

བརྩོན་སེམས་ས་བོན་འདི་ལེགས་པར་བཏབ་གྱུར་ན།།

སང་ལོའི་སྟོན་ཀ་ལ་མྱུ་གུ་འབུས་སྲིད་དོ།།

ད་ལོའི་དགུན་ཟླ་ལ་གྲང་རླུང་བཙན་ན་ཡང་།།

ཡིད་སེམས་དམར་པོ་འདི་ཁོ་ཐག་མ་ཆད་པར།།

རེ་བའི་རྟ་ཕོ་ལ་བརྩོན་སྐུལ་ལྡན་གྱུར་ན།།

སང་ལོའི་དགུན་ཟླ་ལ་དྲོད་ཁོལ་འབྱུང་སྲིད་དོ།།

  • ལེ་ཚན་སྔོན་མ།:​ཁ་བྲལ་ཚུལ།
  • ལེ་ཚན་རྗེས་མ།:མི་ཡུལ་ནས་དཀྲོལ་བའི་གླིང་བུ་དབྱངས་ཀྱི་ཟིལ་བ།