ཕྱི་མིག་ཀློང་གི་འགྲུལ་བཞུད།

ཧོར་ཚང་བསྟན་འཛིན་ཕུན་ཚོགས།        2020-10-30

མཐོ་རྒྱུགས་ཀྱི་གཡུལ་འཐབ་ཆེན་པོ་ཡོངས་སུ་མཇུག་རྫོགས་ཏེ། ལུ་གུ་འབའ་འབའ་ལྟ་བུའི་སྙིང་ཡང་རྒྱ་མཚོའི་ངོས་སུ་ཉི་འོད་འཕྲོས་པ་ལྟར་བག་ཕེབས་སུ་གྱུར། རང་ཡུལ་དུ་ཟླ་བ་གཅིག་ཙམ་ལ་ངལ་གསོ་བྱས་རྗེས། སྔོན་མའི་འཆར་གཞི་ལྟར་མཁོ་ཆས་ཡོད་ཚད་འཕྲུལ་རྟའི་འཕོངས་སུ་བཀལ་ཏེ་ལྷིང་འཇགས་ཀྱི་འགྲུལ་བཞུད་དེ་མགོ་བརྩམས་པ་ཡིན།

ཉི་མ་མཚམས་སྤྲིན་གྱི་ཕྲག་མགོ་ལས་ལྷུང་ལ་ཉེ་བའི་སྲོད་དུས། ངས་ནེམ་ཞིང་འཇམ་པའི་རྩྭ་ཐང་དུ་ཡུལ་སྐོར་སྦྲ་གུར་ཆུང་ཆུང་ཞིག་ཕུབ་ཅིང་། ཞོར་ཟས་སྟབས་བདེ་འགའ་དགོང་ཇའི་ཚབ་ཏུ་ཟོས། མ་སྨད་ཚོའི་དགོ་དགོ་དབྱངས་རྟ་སྙན་མོས་ལྷིང་འཇགས་ཀྱི་རྩྭ་ཐང་འུར་ཟིང་དུ་བཏང་སོང་། སྒོ་ཁྱིའི་ཟུག་སྐད་གཙང་པོའི་སྐད་སྒྲ་དང་བསྡོངས་ཏེ་རྒྱང་རིང་དུ་བཞུར་འགྲོ་ཞིང་། བྱིས་པའི་ངུ་སྐད་དང་། ནོར་ནག་གི་ངུར་སྒྲ། སྤྱང་ལྟོགས་ཀྱི་ངུ་སྒྲ། མདོར་ན་གདོད་མའི་སྐད་སྒྲ་སྣ་ཚོགས་ངའི་རྣ་བའི་བུ་ག་རུ་འཚང་ག་བརྒྱབ་འོང་། སྐར་མ་ཁྲ་ཆེམ་ཆེམ་གྱིས་ཟླ་བའི་མགུལ་དུ་འཁྱུད་དུས་སྒོ་ཁྱིའི་ཟུག་སྐད་ཐ་རེ་ཐོར་རེའི་ཁྲོད་རྩྭ་ཐང་ལྷིང་འཇགས་སེ་གྱུར་སོང་། བསིལ་རླུང་ལྡོམ་པོ་ཞིག་གིས་འོ་ཇའི་དྲི་བསུང་རུམ་ནས་ཡུལ་སྐོར་སྦྲ་གུར་ཆུང་ཆུང་དེ་སྒུལ་ཙམ་བྱེད་དུས། ངས་གཏེར་ཆུ་ཁམ་གང་མིད་ཞོར་ཉེ་འགྲམ་གྱི་འབྲོག་ཁྱིམ་ལ་མིག་ཟུང་ཅེར་ནས་བསྡད། མཚན་མོའི་དུས་ཚོད་བཅུ་ཙམ་ལ་སླེབས་དུས་འབྲོག་ཁྱིམ་དེའི་གློག་སྒྲོན་གཟིམས་སོང་།

ངས་ཡུལ་སྐོར་སྦྲ་གུར་ཆུང་ཆུང་གི་གུར་སྒོ་ཆེ་ཆེར་ཕྱེས་ཤིང་མལ་ཐུལ་ཁོག་སྟོད་དུ་དཀྲིས་ཏེ་ཁ་ཁུ་སིམ་མེས་རྩྭ་ཐང་གི་ཡོད་ཚད་ལ་བུད་མེད་ཀྱི་བྲང་གཞུང་དུ་འཕུར་མཉེད་བྱས་པ་ལྟར་ཉམས་སུ་མྱངས་པ་ཡིན། གཙང་པོ་ནི་སྲིད་པའི་གངས་རྒན་གྱི་ཟུངས་ཁྲག་ཡིན་པས་མེས་པོ་ཚོ་ནང་བཞིན་འཛམ་གླིང་དབང་དུ་བསྡུ་བའི་ངར་ཤུགས་ཀྱིས་མཐའ་ཡས་པའི་རྩྭ་ཐང་རྒྱང་རིང་དུ་བསྐྱུར་ཏེ་འབབ་འགྲོ་ལ། ཞིབ་ཏུ་ཉན་ན་མིང་མི་ཐོགས་པའི་སྲིན་འབུའི་ཙིར་སྒྲ་ཆ་རེའང་ཉན་བྱེད་ཀྱི་བུ་ག་རུ་འཛུལ་འོང་། མཚན་མོའི་རྩྭ་ཐང་གི་མཛེས་སྡུག་ཡོད་ཚད་ཟླ་འོད་ཀྱི་བསིལ་ཟེར་དང་སྐར་མའི་ཁོག་འདར་གྱི་བར་གསེང་ནས་མངོན་གྱིན་འདུག ཟླ་བ་ནི་ནམ་མཁའི་འབྲོག་ཁྱིམ་ཕྱུག་མོ་དེའི་ཨ་ཕ་ཡིན་ཚེ་སྐར་མ་ནི་ཁོང་གི་རྒྱུད་པ་ལྟར་ནམ་ཡང་ཁོང་དང་འབྲལ་མི་ཕོད་པའི་ངང་མཐའ་སྐོར་ནས་ཡར་འཕག་མར་མཆོང་བྱ་རྒྱུར་དགའ་ཨང་། མེ་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་བསིལ་རླུང་འཇམ་པོའི་མངལ་དུ་སྦྲུམ་ནས་འཇམ་ཐིང་ཐིང་གི་ཁོར་ཡུག་ཀུན་ཏུ་འཐུལ་དུས། ང་ནི་ཆང་དཀར་རྒྱ་མ་ཁ་ཤས་བཏུང་བའི་ཆང་རྐྱལ་བཞིན་ར་བཟི་ནས་གཉིད་སོང་།

རྫི་མོའི་ཤུ་གླུ་སྙན་མོས་ནོར་ནག་གཟན་ཀར་འདེད་དུས། ཞོགས་པའི་ཉི་འོད་སེར་པོས་ང་རང་གཉིད་ལས་བསླངས། ཟིལ་བ་ཁྲོམ་མེ་ཡི་རྩྭ་ཐང་ནི་འཛམ་གླིང་ལས་ཆེས་ལྷད་མེད་ཀྱི་གར་སྟེགས་ཡིན་ངེས་པས། གནས་འདི་ནས་ང་ཚོས་སྙན་འཇེབས་དྭངས་གཙང་གི་རྫི་གླུ་སྙན་མོར་རྣ་བ་གློད་དེ་ཉན་ཆོག་ལ། ཁུ་བྱུག་གི་གསུང་དབྱངས་སྙན་མོ་སྲིབ་རིའི་སུ་རུ་མེ་ཏོག་གི་དྲི་ངད་སྣོམ་གྱིན“གོ་གོ་ཐོས་ཐོས”ཞེས་སྨོན་ཚིག་གི་ཁ་གཡང་འབོད་ཀྱིན་བསུ་ཆོག འོ་མ་ཁོལ་མའི་རླངས་པ་དཀར་པོ་དུ་སྨུག་དང་སྦྲུམ་གྱིན་ས་འཛིན་གྱི་སྐེད་དུ་འཕྱུར་དུས། ངས་ངོ་མི་ཤེས་པའི་འབྲོག་ཁྱིམ་དེ་ནས་འོ་ཇ་དེམ་གང་བསླངས་ཏེ་ཞོགས་ཇ་ཡིད་ཚིམ་པ་ཞིག་འཐུངས་ཏེ་མུ་མཐུད་དུ་ལྷིང་འཇགས་ཀྱི་འགྲུལ་བཞུད་ལ་ཞུགས།

སྤྲིན་དཀར་གྱི་འདབ་ལོའི་འོག་ནས་མཛེས་སྡུག་གི་རི་ཆུ་ཐང་གསུམ་ཞེན་ཆགས་ངང་རྗེས་སུ་བསྐྱུར་ཏེ་རང་གི་ལྟེ་ཁྲག་འཕོ་སའི་མཚེར་ས་གྲུ་བཞི་རུ་བསྐྱོད། ཨ་ཕས་ནམ་རྒྱུན་ངེད་སྤུན་མཆེད་གསུམ་ལ་ཁོང་ན་གཞོན་གྱི་ལང་ཚོ་རྒྱས་མ་ཐག་ཏུ་ང་ཚོའི་དོན་དུ་དཀའ་སྡུག་མང་པོ་མྱངས་ཚུལ་གཟབ་ནན་གྱིས《མི་ལ་རས་པའི་རྣམ་ཐར》ལྟར་བཤད་འོང་ཞིང་། ང་ཚོས་ཆ་རྒྱུས་ཡོད་པའི་ཕ་རྒན་གྱི་རང་རྣམ་ལ་ཉན་ཐེངས་རེར་ཟ་འགྲམ་གཉིས་མཆི་མས་བརླན་འགྲོ་ལ། སློབ་སྦྱོང་ལ་ཧུར་བརྩོན་བྱ་བའི་དམ་བཅའ་ཡང་དྲིན་ཆེན་ཨ་ཕའི་མདུན་ནས་ཡང་ཡང་བཞག་མྱོང་། ཁོང་གི་རང་རྣམ་ལ་མི་ལ་རས་པའི་རྣམ་ཐར་དང་ཆ་འདྲ་ས་རེའང་མཆིས་ཏེ། མི་ལ་རས་པས་བླ་མའི་བཀའ་ལུང་བཞིན་གསེར་མཁར་དགུ་ཐོག་བཞེངས་ཤིང་། ཁོང་གིས་ངེད་བཟའ་མི་ཚོའི་དོན་དུ་དགུན་མཚེར་གཉིས་བརྒྱབ་མྱོང་།

དུས་ཚོད་བཞི་ཙམ་གྱི་ཐོག་ང་རང་ཨ་ཕའི་མཚེར་ས་དང་པོ་རུ་བསླེབས་སོང་། ང་རང་ལོ་བརྒྱད་ཙམ་ལ་སོན་དུས་ཨ་ཕས་ངེད་སྤུན་མཆེད་གསུམ་ལ་མ་འོངས་པར་མདུན་ལམ་ཡག་པོ་ཞིག་བསྐྲུན་ཆེད་ཁོང་གིས་དཀའ་སྤྱད་སྡུག་རུས་ཀྱིས་བརྩིགས་པའི་ཁང་པ་དག་བསྐྱུར་ཏེ་གྲོང་ཁྱེར་དུ་སྤོས་སོང་བ་རེད། མཚེར་ས་འདི་ནི་ང་རང་དྲིན་ཆེན་ཕ་མའི་བྱམས་བརྩེའི་པང་ནས“ཨ་རྩེད་གོམ་རྩེད”སྤོ་ས་ཡིན་ལ། “བརྒྱད་པ་ཁ་ཆག”གི་ལོ་དེར་བེའུ་ཡི་རྗེས་ནས“ཁྱི་སོ་ར་སོ་ཡར་མཆོད། དུང་སོ་དཀར་པོ་མར་གནང་།”ཞེས་རྣམ་དག་གི་སྨོན་ལམ་འདེབས་སའང་ཡིན། མཚེར་ས་འདི་ནས་ངས་ཕུ་བོ་དང་མཉམ་དུ་ཁྱིམ་མཚེས་ཚང་གི་བུ་སྤུན་ཚོར་འཐབ་ཅིང་། ནོར་གྱི་སོ་དང་ཤེལ་དམ་འགང་ཆེན་འགའ་རྒྱལ་ཁའི་རྟགས་མ་ལོན་མྱོང་། ཨ་ཕའི་ལང་ཚོའི་གཤོག་ཟུང་བརྐྱངས་ས། ང་ཚོའི་བྱིས་དུས་ཀྱི་རྩེད་ར་དྲོན་མོ།

ངས་འཕྲུལ་རྟ“རྒྱམ་ཆུའི་ངོགས་སུ”བཞག་ཅིང་། རྐང་ཐང་གིས་ཨ་ཕ་ལགས་ཀྱིས་བརྩིགས་པའི་ཁང་རྒན་ཡོད་སར་བསྐྱོད་པ་ཡིན། དངོས་གནས། བགྲང་བྱ་བཅུ་ཡི་གོམ་འགྲོས་ཁྲོད་ནས་ངེད་ཚང་གི་མཚེར་ས་དྲོན་མོ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་འདུག ཨ་ཕས“སེན་མགོ་ཁྲག་དང་སེན་རྩ་རྣག”གིས་བརྩིགས་པའི་ཁང་རྒན་གྱི་རྩིག་རྨང་ཙམ་ཡང་མཐོང་རྒྱུ་མི་འདུག ངས་དྲན་འཛིན་གྱི་མེ་ལོང་དྭངས་མོ་ཕྱིས་ཏེ་ཨ་ཕས་བརྩིགས་པའི་ཁང་རྒན་སྐྱ་རིལ་མིག་ལམ་དུ་རེ་གསལ་རེ་མོག་གིས་མངོན་ཡོང་ལ། ངའི་ཕྱི་དྲན་གྱི་དྲན་པའི་མེ་ལོང་ངོགས་སུ་ངེད་སྤུན་མཆེད་གསུམ་ཕན་ཚུན་ལ་བཀུར་ཚུལ་དང་བྱམས་ཚུལ་དྲན་འོང་ལ། ཨ་ཕས་རྟ་ཆས་ལྡུད་སྟངས་དང་། ཨ་མས་ནོར་ཆས་སྦྱིན་སྟངས་སོགས་མང་པོ་ཞིག་གློག་བརྙན་ཟློས་གར་ལ་བལྟས་པ་བཞིན་ཤར་འོང་། ཕ་རྒན་གྱིས་ང་དང་ཕུ་བོ་གཉིས་རེས་མོས་ཀྱིས་རྟེའུ་ཡི་འཕོངས་སུ་བསྐྱོན་ཏེ་རྟེའུ་ལ་ཁ་ལོ་འདུལ་སྐབས། ང་རང་རྟེའུ་ཡི་འཕོངས་ནས་ལྷུངས་ཏེ་རྟེའུ་ཡི་རྨིག་པས་ཡར་ཐོད་དུ་བརྫིས་ཏེ་ཁྲག་དམར་འཛག་འཛག་གིས་བཞུར་དུས་ཨ་ཕ་སྔངས་ཚབས་ཆེན་པོ་ལངས་ཚུལ་སོགས་མང་པོ་དྲན་འོང་། ཨ་ཕའི་རྟ་ར་དྲོན་མོ། ང་ཡི་ཕྱི་དྲན་གྱི་མེ་ལོང་དྭངས་མོ།

ངས་ཕྱི་དྲན་གྱི་ཀློང་ནས་སྤུན་མཆེད་ཚོའི་མཐུན་སྒྲིལ་གྱི་གསེར་ཟམ་ལ་ཡང་ཡང་འཛེག་ཅིང་། ཕ་མའི་དྲིན་གཟོ་མི་བསམ་པའི་བརྩེ་བ་ལ་ཡི་རང་སེམས་གཏིང་ནས་ཞུས་རྗེས། འཕྲུལ་རྟ་བཞོན་ཏེ་སྐར་མ་སུམ་ཅུ་ཙམ་བགྲོད་པ་ན་ཨ་ཕས་ཡང་དང་བསྐྱར་དུ་བཤད་མྱོང་བའི་མཚེར་ས་གཉིས་པ་རུ་བསླེབས་སོང་། ང་ལ་མཚོན་ན་མཚེར་ས་འདི་ནི་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས“རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན།། བདག་གི་ཆུ་བུར་མིག་གིས་མ་མཐོང་ཡང་།།རང་སེམས་གསལ་བའི་ཡིད་ལ་ལམ་མེར་གསལ།།”གསུངས་པ་ལྟ་བུ་ལས་དངོས་སུ་འཚོ་བ་རོལ་མ་མྱོང་བ་འདྲ། མཚེར་ས་འདི་རུ་ཁང་པ་མང་པོའི་རྩིག་རྨང་མཐོང་རྒྱུ་ཡོད་པས་ཨ་ཕས་བརྩིགས་པའི་ཁང་རྒན་གྱི་རྩིག་རྨང་ངོས་ཟིན་མ་སོང་། ངས་རྩིག་རྨང་ངོས་བདེ་བ་ཞིག་ཏུ་ཡུལ་སྐོར་སྦྲ་གུར་ཆུང་ཆུང་དེ་ཕུབ་ཅིང་། དགོང་ཟས་ཀྱང་སྟབས་བདེ་ཞིག་ཟོས་ཏེ་དགའ་སྐྱོ་འདྲེས་མའི་ཕྱི་དྲན་སྣ་ཚོགས་རུམ་ནས་ཉལ་བ་ཡིན། ཉིན་མོ་དྲན་དྲགས་པ་དག་མཚན་མོ་རྨི་ཡོང་བ་དེ་བདེན་ཚོད་ཀྱིས་ཨ་ཕས་ཁང་པ་བརྩིགས་ཚུལ་རྨིས་སོང་། ཨ་ཕ་དང་ཨ་ཞང་ཨ་ཁུ་གཙོས་པའི་སྐྱ་སེར་ལྔ་དྲུག་གིས་ནམ་སྔ་ལངས་དང་། དགོང་འཕྱི་ཉལ་གྱིས་ཁང་པ་ཀ་བ་གཉིས་ཅན་ཞིག་ང་རང་ཉལ་གྱིན་པའི་རྩིག་རྨང་འདི་རུ་བརྩིགས་ཤིང་། “སྐྱ་ཟད་སྔོ་གཏུགས”ཀྱི་དཔྱིད་ཀར་ཨ་ཕས་ཁང་པ་བརྩིགས་རོགས་ཚོའི་སྐུ་ངལ་གསོ་ཕྱིར་གཡག་རྒན་རོག་རོག་ཅིག་བཤས་པའང་རྨིས་སོང་།

ཉི་འོད་ཕྲ་མོས་ཡུལ་སྐོར་སྦྲ་གུར་ཆུང་ཆུང་གི་ཚེམ་སྲུབས་བརྟོལ་ཏེ་ང་རང་རྨི་ལམ་གྱི་མཚེར་ཤུལ་ནས་བསླངས། ངས་ཡུལ་སྐོར་སྦྲ་གུར་ཆུང་ཆུང་གི་གུར་སྒོ་ཕྱེས་མ་ཐག་མཁའ་དབུགས་གཙང་མ་ཞིག་གིས་ང་ཡི་རྨོངས་གཉིད་རྩ་བ་ནས་སེལ་བས། ང་རང་དམར་རྗེན་དུ་གུར་སྒོར་ལྡིང་ནས་གླལ་སྒྱིང་སྐྱིད་པོ་ཞིག་བྱ་དགོས་བྱུང་། གལ་ཏེ་རྫི་བོའི་ཀི་སྒྲ་ནུབ་ཀྱི་རྫ་རི་སྨུག་པོ་བརྒྱུད་ནས་གྲགས་མ་ཡོང་ཚེ། ང་རང་ཉེ་འགྲམ་གྱི་ཆུ་ཕྲན་དེ་རུ་ལུས་པོ་གཙང་མ་ཞིག་འཁྲུད་ན་འདོད།

སྨུག་པ་རིམ་བཞིན་དྭངས་ཤིང་། ཉི་འོད་ཚ་ལམ་མེར་འཕྲོས། ངས་འབྲི་དེབ་དང་ལྕགས་སྨྱུག་དཔེ་ཆ་དག་ལག་ཏུ་བཟུང་ནས་ཆུ་ཕྲན་དེའི་འགྲམ་དུ་སོང་ཞིང་། རྐང་སྣེ་ཆུ་ནང་དུ་སྦངས་ནས་ཧེ་ཙི་ཡི་སྙན་ངག“སང་ཉིན་ནས་བཟུང་། བདེ་སྐྱིད་ལྡན་པའི་མི་ཞིག་བྱ། རྟ་གསོ། བུད་ཤིང་གསིལ། ཕྱོགས་བཞིའི་རྒྱལ་ཁམས་འགྲིམ” ཞེས་པ་སྐད་གསེང་མཐོན་པོས་གྱེར། བསིལ་མངར་འཛོམས་པའི་ཆུ་ཕྲན་ནི་རང་བྱུང་ཁམས་ཀྱིས་བསྙལ་བའི་ནས་ཆང་ཞིམ་པོ་དེ་ཡིན་ངེས་ཏེ། མཆུ་ཏོ་ཆུ་ནང་དུ་བཙུགས་ཏེ་ཁམ་གང་འཐུང་ཚེ་ཟང་ཟིང་གིས་ཡུན་རིང་དུ་བཙིར་བའི་རྣམ་ཤེས་སྤྲིན་དཀར་ལ་བཞོན་ཏེ་མཐའ་ཡས་པའི་རྩྭ་ཐང་ལ་ལྡིང་སྐོར་བརྒྱབ་འགྲོ། རྩྭ་ཐང་ནི་བདག་གི་ཕ་ས་ཡིན་ཞིང་། བདག་གི་གཉེན་ཉེ་ཡང་དེ་ག་ན་ཡོད་ཕྱིར། ངས་ཅ་ལག་ཡོད་ཚད་འཕྲུལ་རྟའི་འཕོངས་སུ་བཀལ་རྗེས། ཨ་ཕའི་མཚེར་ཤུལ་དྲོན་མོ། བདག་གི་རྣམ་ཤེས་འཁྲེང་སའི་ལུང་ཁུག་མཛེས་པོ་དང་ཁ་བྲལ་ཏེ། ཨ་ཞང་ཚང་གི་དབྱར་མཚེར་གྱི་ཕྱོགས་སུ་ཆས་སོ། །

  • ལེ་ཚན་སྔོན་མ།:དང་བ། སྒྲུང་གིས་འདྲེན།
  • ལེ་ཚན་རྗེས་མ།:ཉིན་གཅིག་ལ་ཡིག་ནོར་བཞི་མཐོང་བ།