མཉམ་ལས་ཀྱི་འདུན་པ་མཉམ་དུ་གླེང་།། ལས་སྐྲུན་གྱི་འཆར་གཞི་མཉམ་དུ་བཀོད།།

        2020-10-28

     སྤྱི་ཟླ10པའི་ཚེས22ཉིན།  ཧྥུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ“གནས་མཆོག་དཀར་མཛེས་ཞ་མོན་དུ་བསྐྱོད”ཅེས་པའི་ཐོན་ཁུངས་ལེགས་ཆའི་མ་འཇོག་འོས་སྦྱོར་རབ་དང་རིམ་པའི་བྱེད་སྒོའི་ནང་ཞུགས་མཁན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ལས་སྒྲུབ་ཚོ་ཆུང་ཁྲིད་དེ་ཞ་མོན་ཅན་ཧྥ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་རྐང་བདག་མགོ་གཙོ།  དབུ་བཞུགས་ལག་བསྟར་པ་ཁྲེན་ལི་ཧྲོང་དང་ཞ་མོན་ཧེང་ཤིན་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་རྐང་བདག་མགོ་གཙོ་ཁོ་ཞི་ཕིང་སོགས་ཞ་མོན་གྱི་འབྲེལ་ཡོད་ཁེ་ལས་གྲགས་ཅན་གྱི་འགན་འཁུར་བར་ཁག་བགོས་ནས་འཚམས་འདྲི་བྱས་པ་དང་།  ཁེ་ལས་གཉེར་སྐྱོང་དང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་སྐོར་རྟོག་ཞིབ་བྱས་པར་མ་ཟད།  ལས་གཞིའི་མཉམ་ལས་ཀྱི་ལས་ཀའི་ཐད་ངོ་འཕྲད་གྲོས་མོལ་དང་སྤེལ་རེས་བྱས་པ་རེད།  ཁོང་གིས་ཁེ་ལས་མཁས་ཅན་རྣམས་ཀྱིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གཏིང་ཟབ་མང་ཙམ་བྱས་ནས་མ་དངུལ་འཇོག་པའི་གོ་སྐབས་གསར་པ་འཚོལ་བ་དང་ཁྱབ་ཁོངས་མང་པོར་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།

     ཞའོ་ཡིའུ་ཚའེ་ཡིས་སྐྱེ་ཁམས་ལེགས་ཆ་ནི་དཀར་མཛེས་ཁུལ་གྱི་ལེགས་ཆ་ཆེ་ཤོས་ཡིན་པ་དང་ཚོང་གཉེར་ཁོར་ཡུག་ནི་དཀར་མཛེས་ཀྱི་ཁོར་ཡུག་ཡག་ཤོས་ཡིན་ལ།  སྲིད་ཇུས་ཀྱི་འདེགས་སྐྱོར་ནི་དཀར་མཛེས་ཀྱི་འདེགས་སྐྱོར་ཆེ་ཤོས་ཤིག་བཅས་ཡིན་པས།  ཅན་ཧྥ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཚོགས་པས་མ་དངུལ་དང་མི་སྣ། དོ་དམ།  ཐབས་ལམ།  འགྲུལ་ཁུངས་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཡུལ་སྐོར་ལམ་ཐིག་འོས་སྦྱོར་དང་།  ཡུལ་སྐོར་གཉེར་ཚོང་།  ས་གནས་གཉིས་ཀྱི་སློབ་མའི་ཞིབ་འཇུག་སློབ་སྦྱོང་དང་སྤེལ་རེས།  རི་ཀླུང་བྱེས་བགྲོད་འགྲན་བསྡུར་བཅས་ཀྱི་ལས་གཞིའི་ཐད་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་ཁུལ་གྱིས་རྒྱལ་སྤྱིའི་འཁོར་གཏོང་ཡུལ་སྐོར་བྱ་ཡུལ་ཡག་ཤོས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

     ཁྲེན་ལི་ཧྲོང་དང་ཁོ་ཞི་ཕིང་གིས་དཀར་མཛེས་ཁུལ་དུ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཅན་ཧྥ་རྒྱལ་སྤྱིའི་ཡུལ་སྐོར་གྱིས་དཀར་མཛེས་ཁུལ་དང་མཉམ་ལས་བྱ་རྒྱུར་ཤུགས་རྒྱག་འདོད་ཡོད་པ་དང་ཚོགས་པ་སྒྲིག་འཛུགས་བྱས་ནས་དཀར་མཛེས་ཁུལ་དུ་རྟོག་ཞིབ་བྱེད་པར་མགྱོགས་མྱུར་ངང་བསྐྱོད་རྒྱུ་ཡིན།  ཡུལ་སྐོར་ཐོན་རྫས་རབ་དང་རིམ་པ་བསྡུ་སྒྲིལ་བྱ་རྒྱུ་དང་གྲོང་ཁྱེར་གྱི་སྤུས་རྟགས་སྐད་གྲགས་ཆོད་ཚད་མཐོ་རུ་གཏང་རྒྱུ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཆེད་དོན་འཆར་འགོད་བཟོ་རྒྱུ།  ས་གནས་གཉིས་ཀྱི་སློབ་མའི་ཞིབ་འཇུག་སློབ་སྦྱོང་དང་སྤེལ་རེས།  ཁྱད་ལྡན་ཐོན་རྫས་འཚོང་རོགས་བྱ་རྒྱུ་སོགས་ཀྱི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་གཉིས་ཀར་ཁེ་ཕན་ཡོང་བར་སྐུལ་འདེད་གཏང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།།

﹙བདེ་སྐྱིད་ཀྱིས་བསྒྱུར།﹚


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:གྲོང་ཁུལ་གྱི་སྤུས་ཚད་ལེགས་སུ་གཏོང་ཞིང་།སྤྲོ་སྐྱིད་བག་འཕེལ་གྱི་འཚོ་བ་ལོངས་སུ་སྤྱོད།
  • དོ་སྣང་ཆེ་བའི་རྩོམ།