དང་བ། སྒྲུང་གིས་འདྲེན།

ཨ་ཁུ།        2020-10-23

    འགྲོ་བ་མིའི་རིགས་སྤྲ་ནས་མཆེད་མ་ཐག་པའི་ལོ་ཟླའིབཞུར་རྒྱུན་རིང་མོའི་ནང་། ཕྱིའི་རྣམ་པ་དང་བྱ་སྤྱོད། ནང་གི་བསམ་བློ་དང་འདུ་ཤེས་སོགས་སྔར་བཞིན་ཁྱད་པར་དེ་ཙམ་ཕྱིན་མེད། འོན་ཀྱང་ཁ་བརྡ་ཤེས་པ་དང་། གཙུབ་ཤིང་ལས་མེ་བླངས་ཏེ་ཟས་རིགས་བཙོས་པ། དམིགས་སུ་སྒྲུང་ཤོད་ཐུབ་པ་ནས་བཟུང་ཁྱད་པར་བླ་མེད་ཅིག་འགྲོ་འགོ་ཚུགས། འགྲོ་བ་མི་ཚོ་རི་དྭགས་བརྔོན་རྗེས་དང་། གཅན་གཟན་དང་འཐབ་མོ་བཀྱེས་རྗེས་ཀྱི་དུས་ཚོད་ལྷག་མ་པའི་ནང་། བགྲེས་སོང་དེ་ཚོས་རྒྱུད་ཀྱི་མི་རྣམས་ལ་ཕ་མེས་ཡང་མེས་ཀྱི་སྒྲུང་ཤོད་པ་དང་། བཤད་པ་ལས་རིམ་གྱིས་འགྲོ་བ་མིའི་ཁྲོད་དུ་རིགས་ཀྱི་གདུང་རྒྱུད་ཀྱི་འདུ་ཤེས་འཕེལ་ལ། དེ་མཚོན་གྱི་རིགས་རུས་ཀྱང་མི་གཅིག་མང་དུ་ཐོན་ཡོད་པ་ཨ་ཅང་བརྗོད་མེད་ཡིན། གདོང་དམར་བོད་མིའི་འཕེལ་འགྱུར་ཁྲོད་དུའང་། སྐབས་དེ་ཙ་ན། རིགས་ཀྱི་གདུང་རྒྱུད་མི་གཅིག་པ་བཞི་ཐོན་ཞིང་། ལོ་རྒྱུས་ཀྱི་དཔེ་ཆ་ཁག་ཏུ་མི་བུ་རིགས་བཞི་ཞེས་གསལ། དེ་ལས་རིམ་གྱིས་མིའུ་གདུང་དྲུག་ཏུ་འཕེལ། དེ་ལྟར་བོད་ཡུལ་སྟོད་སྨད་གང་སར་ཐོག་མའི་རུས་ཆེན་བཞི་ལས་འཕེལ་བའི་རུས་ཆུང་མང་པོས་ཁྱབ་ལ། མཐར་རིགས་རྒྱུད་ཚོ་ཁག་གནས་བཅའ་སའི་ཡུལ་སྡེ་བྱུང་། རྣམ་རིག་བཀྲ་བའི་ཡུལ་དཔོན་དེ་ཚོས་རླབས་ཆེན་གྱི་སྒྲུང་བཤད་དེ་རང་ཉིད་ཀྱི་དབང་ཆར་མོས་གུས་དང་། ཁ་ཞེ་གཉིས་མེད་ཀྱིས་རང་དང་མཉམ་དུ་གཞན་སྡེ་བཅོམ་པར་འཇུག་ལ། དབང་དུ་འདུ་བར་ཕྱོགས་ཤིང་། ཕྱིས་སུ་མངའ་མཛད་ཀྱི་ཐོག་མ་དམར་འཇམ་ལྷ་ཡི་དུས་རབས་བྱུང་བ་ལགས། དེ་བྱུང་བ་ལའང་ལོ་ཟླའི་དུས་ཚོད་བགྲང་དུ་མེད་པ་ཕྱིན་ཟིན་ལ། མངའ་མཛད་རིམ་བྱོན་བཅུ་ཡིས་བོད་ཡུལ་དབང་མཛད་སྐབས་ཀྱང་། མངའ་མཛད་རེ་རེའི་རིགས་རྒྱུད་དག་གིས་ཀྱང་རབས་མང་པོར་དབང་མཛད་དོ། །མངའ་མཛད་དག་གིས་ཀྱང་གཙོ་བོ་སྒྲུང་བཤད་པས་འབངས་ཀྱི་རྒྱབ་སྐྱོར་ཐོབ་ལ། ཡུལ་གྱི་བརྟན་བརླིང་། འབངས་ཀྱི་མཐུན་སྒྲིལ་སོགས་ཀྱང་སྐྱོང་ཐུབ། སྟོན་པ་གཤེན་རབ་མི་བོ་ཆེས་གནས་ལུགས་སྐམ་པོས་དད་ལྡན་གྱིས་དང་བ་མ་ཐོབ་པས། སྒྲུང་བཤད་དེ་དམར་མཆོད་ཀྱི་ཆོ་ག་མངའ་བའི་གདོན་བོན་དག་གཡུང་དྲུང་བོན་དུ་བསྒྱུར་བའི་མཛད་འཕྲིན་བསྐྱངས་པ་སོགས་སྒྲུང་ལ་གཞན་འདུལ་གྱི་ནུས་པའང་ཡོད། ཟ་རམས་སྐྱེས་དུག་གི་དུས་རབས་ཀྱི་མཇུག་ཏུ་རིག་པ་སྐྱེན་པའི་དཔོན་ཆུང་ག་རེས་ལྐོག་ཏུ་སྲིད་དང་མ་མཐུན་པའི་སྒྲུང་ཤོད་པ་དང་། སྒྲུང་གསར་རྩོམ་བྱས་ཏེ་འབངས་མང་པོ་རང་ཕྱོགས་སུ་བཀུག་ཅིང་། མངའ་མཛད་ཀྱི་ཁ་གཏད་དུ་ལངས་རྐྱེན། རིམ་གྱིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། རྒྱལ་ཕྲན་སིལ་མ་བཞི་བཅུ་སོགས་སུ་ཁ་ཐོར་རོ། །དེ་ལྟར་གནའ་མི་དེ་ཚོས་སྒྲུང་བཤད་པར་བརྟེན་ནས་ཆེ་ས་ཡུལ་གྱི་སྲིད་དང་བརྟན་བརླིང་སྐྱོང་ཐུབ་ལ། ཆུང་ས་མི་དང་མི་དབར་གྱི་འབྲེལ་བ་ཡང་བཙུགས་ཐུབ།

     དེའི་ཕྱིས་སུ། རྒྱལ་ཕྲན་སིལ་མ་བཞི་བཅུའི་ཁོངས་ཀྱི་བོད་ཀ་གཡག་དྲུག་གི་རྗེ་བོ་གཉའ་ཁྲི་བཙན་པོས་མངའ་འབངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དབང་དུ་འདུས་ཤིང་སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་བཙུགས། རྗེའི་བློན་པོ་དག་གིས་ཀྱང་བཙན་པོ་ལྷ་ལས་བབས་ཚུལ་དང་། ཕྱོགས་བཞིའི་རྒྱལ་ཁབ་ཀྱི་ཁྲོད་ནས་སྟོབས་ཆེ་བའི་རྒྱ་གར་གྱི་རྒྱལ་པོ་ཞིག་གི་གདུང་རྒྱུད་ཡིན་ཚུལ་སོགས་ཀྱི་སྒྲུང་བཤད་དེ། གསར་དུ་འཁོད་མ་ཐག་པའི་མངའ་འབངས་དག་གི་རྒྱབ་སྐྱོར་ཐོབ་ཐབས་བྱས་ལ། དམངས་ཀྱི་སེམས་པ་བཀུག་སྟེ་སྤྱི་ཚོགས་བརྟན་བརླིང་ཡོང་ཐབས་བྱས། བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་བཙན་པོ་སྲོང་བཙན་སྒམ་པོའི་སྔོན་དུ་བོད་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཟེར་བའང་དོན་དུ་གནས་ཏེ། མངའ་མཛད་ཀྱི་སྐབས་དང་དེའི་ཡར་སྔོན་ནས་སྒྲུང་གིས་སྲིད་སྐྱོང་བའི་ནུས་པ་ཐོན་ཡོད་ལ། དུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་སྒྲུང་ལ་སྣ་ཁ་མང་དུ་བྱུང་ཞིང་། ཆུང་ས་འབངས་མི་སེར་གྱི་ཁ་མཆུ་ཐག་གཅོད་པའི་སྒྲུང་དང་། ཆེ་ས་རྗེ་བློན་དབར་གྱི་གྱོད་ཐག་གཅོད་པའི་སྒྲུང་སོགས་ཡོད་ཅིང་། གཉའ་ཁྲི་བཙན་པོའི་དུས་དེར་སླེབས་སྐབས་བོད་ཡུལ་འདིར་གྱོད་གཞི་གང་ལ་གང་བསྟུན་ཆོག་པའི་སྒྲུང་གི་སྣ་ཁ་སྔར་མེད་ཀྱི་ཁ་ཚང་དུ་འགྱུར་བས་མ་ཚད། སྒྲུང་རེ་རེའི་མཇུག་ཏུ་ཡང་སྔར་བས་ཁ་གསལ་གྱིས་དེ་བསྟུན་གྱི་ཁྲིམས་ཡིག་ཁོལ་དུ་ཕྱུང་ནས་བྲིས་པས། ལོ་རྒྱུས་ཡིག་ཆ་འགའ་རུ་གཉའ་ཁྲི་བཙན་པོའི་དུས་སུ་ཁྲིམས་ཡིག་བྱུང་ཞེས་པའང་ཁུངས་འདི་ལ་ཐུག་ཡོད། དུས་ཕྱིས་བཙན་པོ་སྲོང་བཙན་སྒམ་པོས་ཀྱང་སྒྲུང་དང་སྒྲུང་མཇུག་གི་ཁྲིམས་ཡིག་ལ་གཞི་བཅོལ་ཏེ། སྒྲུང་དོར་ཞིང་ཞལ་ལྕེ་རྐྱང་པ་གཏན་ལ་ཕབ་པར་ངེས་སོ། །

     གཞན་ཡང་། བོད་བཙན་པོའི་དུས་དཀྱིལ་ཙམ་ནས་བོད་དུ་ནང་ཆོས་དར་འགོ་ཚུགས་ཤིང་། བོན་ལ་དད་པའི་བོད་མིའི་དད་པ་ཕྱིར་འགུག་ཆེད། ནང་པའི་རྗེས་འབྲངས་པས་སྒྲུང་གསར་རྩོམ་དང་སྒྲུང་བཤད་འགོ་བརྩམས་ཤིང་། བོད་མིའི་འབྱུང་ཁུངས་སྤྲེའུ་དང་བྲག་སྲིན་མོ་ཡང་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་འཁྲུལ་མེད་ཀྱི་སྒྲུང་བཤད་ལ། ནང་ཆོས་ལ་སུན་འབྱིན་མཁན་གྱི་སྐྱེས་བུ་ནི་བདུད་ཡིན་ཚུལ་དང་། ཐ་ན་འུ་དུམ་བཙན་གྱི་མགོ་ལ་རྭ་ཅོ་ཡོད་པ་སོགས་སྒྲུང་ལས་ཤེས་ནུས། བོད་སིལ་བུའི་དུས་ཡུལ་སྡེ་བཟུང་བའི་དཔོན་དེ་ཚོས་ཀྱང་རང་ཉིད་བཙན་པོའི་རིགས་རྒྱུད་གཙང་མ་ཡིན་པའི་སྒྲུང་བཤད་དེ་ཡུལ་ལ་དབང་བསྒྱུར་བྱེད་ཅིང་། ཡོན་རྒྱལ་རབས་སྐབས་དཔལ་ལྡན་ས་སྐྱ་བས་རང་ཉིད་ཀྱི་གདུང་རྒྱུད་འོད་གསལ་ལྷ་ལས་མཆེད་པའི་སྒྲུང་བཤད་དེ་བོད་ཡུལ་བདེ་ལ་འཁོད། ཕག་གྲུ་བས་ལྷ་རིགས་རླངས་ཀྱི་གདུང་རྒྱུད་ལ་ཁ་འཕངས་ཏེ་དམངས་སེམས་བཀུག་པར་ངེས། དེ་བཞིན་བླ་མ་དང་། གྲུབ་ཐོབ། མཚམས་པ། སྔགས་པ་ལ་སོགས་ཀྱིས་ཀྱང་སྒྲུང་བཤད་ནས་རང་ཉིད་ཀྱི་ཆོས་རྒྱུད་དང་རང་ཉིད་ཀྱི་སྙིང་རུས་ངོ་སྤྲད་དེ་དད་ལྡན་བཀུག་ལ། འབངས་མི་སེར་གྱིས་ཀྱང་ཕན་ཚུན་སྒྲུང་བཤད་དེ་མི་ཆོས་ཀྱི་འབྲེལ་བ་སྐྱོང་ཞིང་། རང་བྱུང་ཁམས་དང་འབྲེལ་བ་གཏན་འཁེལ་བྱེད་ངེས། མདོར་ན། གནའ་མི་སུ་ལ་སྒྲུང་བཤད་རྒྱུ་ཡོད་ཚེ། དེ་ལ་ཡིད་ཆེས་དང་རྒྱབ་སྐྱོར། དད་སེམས་ཐོབ་སྲིད་པས། སྒྲུང་ལ་དབང་ཐོབ་པའི་གནའ་མི་དག་ནི་ལོ་རྒྱུས་ཀྱི་ཆུ་ཀླུང་ཆེན་པོའི་ཁྲོད་ཀྱི་བྱེ་རྡུལ་གྱི་མཐོང་ཙམ་ལས་མེད་པའི་སྐྱེ་བོ་རང་ག་བ་ཞིག་གཏན་ནས་མིན།

    དེང་གི་ཆར་ཡང་སྒྲུང་གི་ནུས་མཐུ་སྔར་བཞིན་གནས་ཡོད་དེ། དགེ་རྒན་གྱིས་སློབ་མའི་དང་བ་འདྲེན་ཕྱིར་སྒྲུང་བཤད་ལ། གཏམ་བཤད་པས་ཉན་པ་པོའི་ཡིད་དབང་འགུགས་ཆེད་སྒྲུང་བཤད། ཉེན་རྟོག་པས་མི་རྣམས་ལོག་པའི་ལམ་དུ་མི་འགྲོ་བའི་ཕྱིར་གྱོད་ཀྱི་སྒྲུང་བཤད། དེ་བཞིན་སྨན་པ་དང་། གཞུང་ཞབས་པ། གད་པ། ཚོང་པ་སོགས་དང་། ཐ་ན་སྤྱང་གྲུང་ལྡན་པའི་སློང་མོ་བས་ཀྱང་རང་ཉིད་ཀྱི་འཚོ་བར་མི་འདོད་པའི་རྐྱེན་ངན་འཕྲད་པའི་སྒྲུང་བཤད་དེ་མི་རྣམས་སྙིང་རྗེ་སྐྱེ་རུ་འཇུག་གིན་ཡོད། དངོས་གནས་མིའི་རིགས་ཀྱི་ལོ་རྒྱུས་དང་། ཡང་སྒོས་གངས་ཅན་བོད་ཀྱི་ལོ་རྒྱུས་ནི་སྒྲུང་གིས་ཐུག་པ་དཀྲུགས་པའི་ལོ་རྒྱུས་ཤིག་ཅི་ལ་མིན། མཇུག་མཐར་ངས་འདི་ལྟར་དུ་བརྗོད་འདོད་དེ། སྒྲུང་གི་ནུས་མཐུ་ནི་ཚད་དཔག་ཏུ་མེད་པས། སུ་ལ་སྒྲུང་བཤད་རྒྱུ་ཡོད་ཚེ། དེ་ལ་འདོད་ཡོན་ཐམས་ཅད་ཆར་དུ་བསྙིལ་ཞིང་། སུ་ཡིས་སྒྲུང་བཤད་ཚེ། དམངས་ཀྱི་དང་བ་ཡང་དེ་ལ་ཕྱོགས་ངེས་སོ།།

           

  • ལེ་ཚན་སྔོན་མ།:མི་ཆོས་འབྲེལ་འཛིན་རྩ་འགངས་ཆེ་འམ།
  • ལེ་ཚན་རྗེས་མ།:ཕྱི་མིག་ཀློང་གི་འགྲུལ་བཞུད།