འབྲོག་ཐང་གི་བུ་མོ།

འབྲོག་རུ་བ་མཁའ་འགྲོ་ཚེ་རིང་།        2020-10-22

འབྲོག་ཐང་གི་འཚོ་བར་ཕྱིར་མིག་རེ་འཕངས་ན༎

ཡིད་སེམས་ཀྱི་དྲན་པའི་མེ་ལོང་གི་ངོས་སུ༎

ཚེམས་ཕྲེང་གི་འོད་མདའ་འཇོ་སྒེག་གི་རོལ་ཉམས༎

བརྩེ་སེམས་ཀྱི་མེ་ཏོག་ལང་ཚོ་རུ་བཞད་པའི༎

ལུས་ཕྲ་ཡི་གཟུགས་ཡག་ཚིགས་དྲུག་གི་སྨན་ཤར།།

ལང་ཚོ་ཡི་བཞིན་རས་དབང་གཞུ་ཡི་རྗེས་འགྲོ།

སྨྲ་བརྗོད་ཀྱི་དག་ཆ་སྙན་འཇེབས་ཀྱང་ལྡན་པ༎

གནག་སྣུམ་གྱི་ལན་བུར་འོད་སྣང་འདྲ་འཚེར་བ༎

གཡུ་བྱུར་གྱི་དོ་ཆའི་མཛེས་ཉམས་ཀྱང་སྤྲས་ཏེ༎

དཀར་འཇམ་གྱི་ཚ་རུར་སྐ་རགས་བཅས་བཅིངས་པའི༎

གར་མཁན་མ་བཞིན་གྱི་མཛེས་མ་དེ་དྲན་དྲན༎

བླ་ལྷག་གིས་དྲན་པ་མཛེས་མ་ཡི་སྤྱོད་སྟངས༎

མཛེས་མ་ཡིས་དགོང་ཁའི་ས་སྲོད་ཀྱི་དུས་སུ༎

ཐུལ་དཀར་གྱི་འབྲི་མོའི་འོ་མ་ཡང་བླུད་དུས༎

ཡ་གཅིག་གི་ལག་པ་ཐོད་པ་ལ་བཀབ་སྟེ༎

གནམ་ས་ཡི་འདྲེས་མཚམས་རྒྱང་རིང་གི་ས་ནས༎

སྐྱ་མི་ཡི་རོགས་ལོ་ཐོན་པ་ལ་སྒུག་པའི༎

འབྲོག་ཐང་གི་བུ་མོའི་བྱ་བྱེད་ཀྱི་སྣང་བརྙན༎

བརྗེད་མེད་དུ་ཝ་ལེར་ཡིད་སེམས་ལ་དྲན་ཡོང་།།

ཀླད་པ་ཡི་གཞུང་ནས་གློག་བརྙན་ལྟར་འཁྲབ་ཡོང་༎

  • ལེ་ཚན་སྔོན་མ།:རང་ཉིད་ལ་སྨྲས་པ།
  • ལེ་ཚན་རྗེས་མ།:ཅི་ཡང་ཡོད་ལ་ཅི་ཡང་མེད་པ་འདྲ་བའི་ཕ་ཁྱིམ།