ཁུལ་ཨུའི་ཧྲུའུ་ཅིས་འཐབ་གྱུར་ཁོངས་གཏོགས་ལ་ཐུགས་རེ་འདི་ལྟར་གནང་།

        2020-10-21

    ཉེ་ཆར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་བ་རེད།  ཁོང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གཙོ་གནད་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ། ཐུན་མོང་གི་ངོས་འཛིན་ཆེ་རུ་གཏོང་བ། མཉམ་ཤུགས་གཅིག་སྒྲིལ་བྱེད་པ། གླེང་མང་བའི་གནད་དོན་དང་དཀའ་གནད་འགག་སྒྲོལ་ལ་དམིགས་ནས་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་གནས་བབ་ཧུར་ཐག་བསྐྲུན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཆབ་སྲིད་བརྟན་པོ། སྤྱི་ཚོགས་ཞི་མཐུན། དམངས་འཚོ་ལེགས་གཏོང་བཅས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥེང་ཧྥ་ཀུའེ་དང་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུའི་པུའུ་ཀྲང་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཆང་བཅས་བརྟག་ཞིབ་ནང་ཞུགས་པ་རེད།

    ལིའུ་ཁྲེང་མིང་སྔ་རྗེས་སུ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཁུལ་ནང་བསྟན་མཐུན་ཚོགས། ཁུལ་བོད་རིག་པ་ཞིབ་འཇུག་ཁང་བཅས་སུ་ཕེབས་ནས། སྡེ་ཚན་ཁག་གི་ལས་ཀའི་གནས་ཚུལ་རྒྱུས་ལོན་དང་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་དང་འབྲེལ་སླད་ཕྱིན་གྱི་ལས་དོན་ཐད་བླང་བྱ་ཞིབ་ཕྲ་བཏོན་གནང་བ་རེད། ཁོང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་ལས་འགན་ནི་ཏང་གི་མགོ་ཁྲིད་འོག ཕྱོགས་གང་ཅིའི་སྟོབས་ཤུགས་མཐུན་སྒྲིལ་དང་གོང་བུར་བསྒྲིལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་བྱས་རྗེས་སྔར་ལས་ཆེན་པོ་གཞག་རྒྱུ་དེ་ཡིན་ཞེས་གསུངས་པ་རེད། 

    ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་མཐར་ཟད་ཀྱི་བསམ་གཞིག་བྱེད་སྟངས་བརྟན་པོ་བཅངས་ཤིང་། མ་བྱུང་སྔོན་དྲན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་དེ་རྒྱུན་མཐུད་བརྟན་བརླིང་ཡོང་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་དར་ཆ་མཐོན་པོར་སྒྲེང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་དགོས། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས། སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་དགེ་མཚན་ལ་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་སྔར་བས་བརྟན་དུ་གཏང་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱས་ཏེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་རྒྱབ་སྐྱོར་བྱ་དགོས་ཤིང་། ཁུལ་ཡོངས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས་འཕེལ་རྒྱས་ཀྱི་ཇུས་ཆེན་མང་ཙམ་འདིང་བ་དང་དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འདོན་དགོས་སོ།།(ལྷ་འཛོམས་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཁང་རྙིང་དང་ཁང་གསར་ལས་འཕྲོས་པའི་འགྱུར་ལྡོག
  • ལེ་ཚན་རྗེས་མ།:དཀར་མཛེས་ཀྱི་རི་གྲོང་དུ་གནའ་བོའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བསྐྱར་དར་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།