རྩེ་ཆུའི་འགྲམ་གྱི་བྱམས་པ།

མདའ་ཅང་ཤེས།        2020-10-21

ཚེ་གཅིག་ལས་ཀྱི་རྨུ་ཐག།

མཛོད་སྲུང་ཁྱུང་རྩེ་བརྒྱུད་ནས།།

འབའ་སྟོད་མཐོན་པོའི་ཕྱོགས་ལ།།

གོམ་པ་ལ་མོར་བརྒྱབ་ཡོད།།

སྟོད་ན་བྱ་དར་དགོ་རྩེ།།

ང་ཡི་སྐྱེས་ལྷ་མིན་ཡང་།།

ལོ་གསུམ་བརྩེ་བའི་རྨི་ལམ།།

ཁྱེད་ལ་ཡང་ཡང་བཅོལ་བ།།

རྩེ་གཞུང་གནམ་གཤིས་འཁྱག་པ།།

རྩེ་དྲུག་རི་རྒྱུད་མཐོ་བ།།

སེམས་པ་ཤོར་སའི་བྱམས་པ།།

རྩེ་དྲུག་གཞུང་ན་ཡོད་རེད།།

རྩེ་ཆུ་དྭངས་ཤིང་གསལ་བ།།

བྱམས་པ་གཤིས་རྒྱུད་ཡག་པ།།

ལས་ལ་མེད་པའི་བྱམས་པ།།

རྩེ་ཆུའི་འགྲམ་ནས་ལུས་སོང་།།

སྐྱིད་རིའི་པཎ་ཆེན་ལྷ་ཁང་།།

མཇལ་བ་ཕོ་མོ་མང་བ།།

དད་སེམས་སྨོན་ལམ་ཕྲ་མོ།།

བརྩེ་བས་ལན་གསུམ་བསྐོར་ཡོད།།

རྩེ་གཞུང་ཆུ་མོའི་འགྲམ་ན།།

དྲན་པའི་དྭངས་ཤ་ལུས་ཡོད།།

སྙིང་སྡུག་འཕྲད་པའི་ལས་ལ།།

ཀོ་གྲུ་གཏོང་དགོས་བྱུང་ན།།

རི་དེ་རྩེ་འདུས་རི་བོ།།

བྱམས་པའི་འཚར་ས་ཡིན་ན།།

རྩེ་དྲུག་བསྐོར་དགོས་བྱུང་རུང་།།

ཞེ་ལ་འགྱུར་བ་མེད་འགྲོ།།

གྲམ་ཐང་མིག་རྒྱང་འཁོད་པ།།

རྩེ་ཆུ་བཞུར་རྒྱུན་རིང་བ།།

ཆུང་འདྲིས་འུ་གཉིས་བརྩེ་བ།།

རྩེ་ཆུའི་གཞུང་ལ་འཐིམ་ཡོད།།

རྫ་དམར་རི་འཕྱོར་མཐོན་པོ།།

དབུ་རྩེ་ཁ་བས་བཟུང་བ།།

བྱམས་པའི་སེམས་ཀྱི་རང་མདངས།།

ཁ་བ་བཞིན་དུ་དཀར་བ།།

ཆུང་འདྲིས་དྲན་པའི་སྨུག་པ།།

ལྭ་རྨོག་གཞུང་ལ་འཐིམས་ཡོད།།

ང་ཡི་སྐྱེས་ལྷ་དཀར་བོ།།

སྨུག་ལ་དྭངས་ཐབས་ཡོད་དམ།།

སེམས་ཀྱི་བརྩེ་བའི་རྟ་ཕོ།།

རྨ་སོག་རྩྭ་ཐང་བརྒྱུད་ན།།

རྩེ་གཞུང་གསེར་གྱི་མེ་ཏོག།

ཞེ་ལ་རེག་པ་ཨེ་བྱུང་།།

རྩེ་ཆུ་གཡུང་དྲུང་འཁྱིལ་འདྲ།།

གསེར་ཉ་འཁྱུག་རྩལ་རྒོད་པ།།

ང་རང་གསེར་ཉ་ཡིན་ན།།

རྩེ་དྲུག་སྙིང་བདུན་བརྒལ་འདོད།།

འགར་རྩེ་མཚོ་རྒན་ཕྱུག་མོ།།

ལྷ་མཚོ་མིག་ལ་མཛེས་པ།།

ཁྱེད་ཀྱི་ཞལ་རས་ཡག་མོ།།

ནང་དུ་མཇལ་ཐབས་བྱུང་ན།།

ང་ཡིས་ཁྱེད་ལ་སྒུག་པ།།

རྐ་ཆུའི་གཞུང་ལ་གསལ་ཡོད།།

རྐ་ཆུའི་འགྲམ་གྱི་མིག་ཆུ།།

སུ་དང་གང་གིས་མི་ཤེས།།

དབྱར་གསུམ་འོ་མའི་ཇ་ཕུད།།

བྱམས་པའི་ཕྱོགས་ལ་མཆོད་ཡོད།།

བྱམས་པའི་སྐྱེས་ལྷ་དཀར་པོ།།

ཁོ་མོ་བདེ་ཞིང་སྐྱིད་ན།།

ང་ཡི་བླ་མ་དཀོན་མཆོག།

ཉམ་ཆུང་བུ་ངའི་ལས་ལ།།

སྤྱན་གྱིས་གཟིགས་པ་གནོངས་དང་།།

བརྩེ་བའི་རྨི་ལམ་རྨི་འདོད།།

ཆུང་འདྲིས་བྱམས་པའི་འཛུམ་མདངས།།

སུ་ལ་གནང་བ་མེད་པར།།

ང་ལ་གཏད་རྒྱུ་བྱུང་ན།

སང་ཤི་བྱུང་ཡང་མི་འགྱོད།།

རྩེ་བརྒྱད་གཞུང་གི་བྱམས་པ།།

བྱམས་པའི་ལས་ཀྱི་རི་མོ།།

ཚེ་གཅིག་མི་ཡི་ལས་ལ།།

བསམ་དོན་འགྲུབ་པར་ཡོང་ཤོག།

  • ལེ་ཚན་སྔོན་མ།:རང་ཁྱིམ།
  • ལེ་ཚན་རྗེས་མ།:རང་ཉིད་ལ་སྨྲས་པ།