འཚོ་བ་འདིར་ང་མགུ་པོ་བྱུང་།

ལུག་རྫི།        2020-10-19

    འཚོ་བ་ནི་སྐྱིད་སྡུག་གི་སྣང་བས་སོ་སོའི་ཚེ་མཇུག་གི་ལམ་སྣེ་ལ་ལྷམ་རྗེས་དཔར་རྒྱུ་དེའོ།། སྡུག་ལ་གཡོལ་ཆེད་རང་ཤི་རྒྱག་པ་དང་། སྐྱིད་ལ་གཡེངས་ནས་ལག་སྟོང་དུ་འགྲོ་བ་ནི་བྱམས་པའི་ལག་ཟུང་གིས་སྐྱེ་འགྲོའི་འགྲམ་ངོགས་ལ་བྱིལ་བྱིལ་གནང་བའི་འཚོ་བའི་ངོ་གདོང་གཞན་ཞིག་མ་རྙེད་པས་རེད།

    འཚོ་བ་ལ་དབུལ་ཕྱུག་ཡོད་མོད། སེམས་ཁམས་ཀྱི་དྭངས་རྙོག་སྒོར་མོ་ཙམ་གྱིས་དབྱེ་འབྱེད་ཐུབ་པ་ཞིག་མིན། མ་གཞི་བདག་གི་འཚོ་བ་ཡང་དབུལ་ཞིང་ཕོངས། ཡིན་ཡང་། འཚོ་བའི་དཀའ་ཁག་གིས་དེ་ལས་ལྡོག་སྟེ། ང་ལ་རིག་པ་བསླབས་ཤིང་ཤེས་རབ་འཕེལ་དུ་བཅུག

ང་ད་བར་དུ་སློབ་གྲྭའི་སྐྱོབ་གསོས་བསྐྱོར་ནས་གསོན་པ་ཡིན་མོད། ང་ལའང་རྒྱབ་ཀྱི་ཁེན་ས་དང་སེམས་ཀྱི་དྲོད་ཐིག་མེད་པ་མིན་ཏེ། འཁོར་བ་བསྐྱང་རན་པའི་ན་ཚོད་ཁུར་ནས། ད་དུང་ཡང་སློང་མོའི་སྒྱེ་ཁ་ཕ་མའི་དྲུང་དུ་བཟེད་ན་རང་རྐྱ་འཕེར་བའི་དུས་ནི་ནམ་ཞིག་གི་ནམ་ཡིན། ཁོང་རྣམ་པས་རེ་སྨོན་བྱེད་པའི“སྐྱིད་ཕ་ལ་མི་རེ་ཞིང་།བྲོ་མ་ལ་མི་སློང་བའི”བུ་ཕྲུག་ཡ་རབས་ཤིག་ཏུ་ཇི་ལྟར་འགྱུར།

    ངའི་རྒྱང་རིང་ཕུགས་བསམ་གྱི་ལྗོན་ཤིང་ལ་འཇམ་མཉེན་གྱི་ཡལ་ག་རྒྱས་ཕྱིར། རང་ཉིད་ལ་རྒྱང་འཕུར་གྱི་གཤོག་ཟུང་བཀར་ཏེ། དགུན་དགུ་གསུམ་གྱི་གྲང་ངར་ལ་རྒོལ་བ་དང་། དབྱར་ཚ་གདུག་གི་མནར་གཅོད་མྱོང་བའི་སྐབས་དེར། ངལ་དུབ་ཀྱི་ལུས་པོ་ཁོད་སྙོམས་པའི་མལ་ཁྲིའི་སྟེང་དུ་འདྲུད་དགོས་རུང་རྡོག་ཁྲེས་ཡང་བའི་སེམས་ཁམས་ཏན་ཏན་གཙང་སིང་ངེར་མཆིས།

    ད་ལྟའི་ང་ལ། སྒེར་གྱི་རྒྱུ་ནོར་འབེལ་བོ་མེད་ལ། ཡོད་པ་དག་ཀྱང་རྙིང་སོང་མེད་ན་ཆག་པོ་ཡིན། དེ་དག་ཟད་ཟད་དུ་བཀོལ་བས་ད་ནི་བསྐྱུར་མི་ཕོད་པའི་དུང་བ་ཞིག་ངང་གིས་ཆགས་སོང་། འོན་ཀྱང་མི་ལ་ལའི་སྣང་བར། ང་ནི་གཏོང་ཕོད་ཀྱི་ལག་ཟུང་ནང་དུ་བརྐུམས་ཤིང་། རྒྱུ་རྔམ་གྱི་ཁུག་མ་ཕྱི་ལ་སྟོན་མཁན་དེ་འདྲ་ཡིན་འདུག་སྙམ་ནས། ཁ་པར་བརྗེ་དགོས་པའི་སྐུལ་མ་ལན་མང་གཏོང་མྱོང་སྟེ། ང་ནི་ཁྱོད་ཅག་ནང་བཞིན་སྙིང་ཐག་ཉེ་ཡང་ཁ་ཡག་བཤད་དེ་གཡོག་ལས་རྐྱང་རྐྱང་གིས། སྐུ་ལུས་འོ་བརྒྱལ་ལ་སྦྱར་བའི་རང་གི་ཕ་མ་ལ། ཁ་པར་གྱི་སྐུད་ལམ་ནས་སྐད་ཆ་ཚིག་གཅིག་གིས་དངུལ་ཁུག་གི་རྔམས་ཁ་ཇེ་མཐུག་ཏུ་གཏོང་དུ་འཇུག་པའི་སྤོབས་པ་མེད་ལ། གཞུང་ལ་དབུལ་བྱའི་ཁྲལ་བཞིན་ཕ་མས་ཁྱོད་ཅག་གི་ལོ་ཚོད་ལ་བྱིན་པའི་སྐལ་དེའང་ངས་བླངས་ཟིན་པས། ངས་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་གསར་བྱུང་ཁ་པར་དང་གྱོན་ཆས་དཔེ་གསར་དག་གི་རྗེས་ག་ལ་ཆོད། དེ་བས་ན། ངས་ཚོང་ཁང་གི་སྒོ་ཁར་དུས་རྒྱུན་སྒྲོག་གིན་པའི“ལྟ་ཙམ་བྱས་ན་སྒོར་མོ་མི་དགོས”ཞེས་པའི་སྐད་ཆར་ཡིད་འཐད་པའི་རྣམ་འགྱུར་བསྟན་ནས་ཁུ་སིམ་མེར་བུད་འགྲོ་བར་གོམས་ཡོད།

ད་ལྟའི་ངའི་འཚོ་བའི་སྐྱིད་སྡུག་གི་ཁ་ལོ་སྒྱུར་བྱེད་སྒོར་མོའི་ལག་ལ་བཞག་མེད་ལ། ངའི་སྐྱིད་སྡུག་གི་སྲབ་ཟབ་ཚད་དེའང་བདག་གི་ངོ་གདོང་དཀར་ནག་གིས་ཀྱང་མི་མཚོན་པས། ང་ལ་ངའི་འཚོ་བར་དོན་སྙིང་ཡོད་མེད་མ་གླེངས་ཤིག ང་ཁྱོད་དང་མི་འདྲ་ལ། ཁྱོད་ཀྱང་ང་དང་མི་མཚུངས་པས། མི་རང་རང་གི་རྐང་བ་ལ་རན་པའི་ལྷམ་རེ་གྱོན་ཏེ་ཐ་དད་ཀྱི་ལམ་ཆུང་ཐོད་ཅིག།

  • ལེ་ཚན་སྔོན་མ།:ཕ་ཡུལ་ནས་ཕ་ཡུལ་དྲན་པ།
  • ལེ་ཚན་རྗེས་མ།:འགྱུར་ལྡོག་མེད་པའི་འཁོར་བ་པ།