ཕ་ཡུལ་ནས་ཕ་ཡུལ་དྲན་པ།

གཞི་ཚང་ཟླ་བ་གྲགས་པ།        2020-10-19

སྤྲོས་བཅས་མཚན་མ་དག་པའི་ཞི་དབྱིངས་ན་བཞུགས་པའི།།

འགྲོ་འདྲེན་ཐུགས་རྗེའི་མངའ་བདག་གཤེན་རབ་ཀྱི་ལྷ་ཚོགས།།

བརྩེ་ཆེན་སྦྲང་ཆར་བསིལ་མ་མཁའ་དབྱིངས་ནས་ཕོབས་ལ།།

འཁོར་བ་མྱ་ངན་ཐང་གི་མེ་དཔུང་འདི་གཞོམ་རོགས།།

འཇིག་རྟེན་སྒྱུ་མའི་གྲོང་ན་སྐྱིད་འདོད་ཀྱིས་འཚོས་ཀྱང་།།

མ་བསམས་དཀའ་སྡུག་ལས་ཀྱིས་མི་འདོད་བཞིན་གནན་ཡོང་།།

ཚེ་རབས་འཕྲེང་བར་འགྲོགས་ཀྱང་རྒྱུས་མངའ་ནི་བྲལ་བའི།།

འཁོར་བའི་གནས་ཚང་འདི་ལས་གྱེས་འདོད་ཅིག་སྐྱེས་བྱུང་།།

དམིགས་མེད་ཡེ་གྲོལ་གཤིས་ལ་སྒྲོ་སྐུར་ཞིག་བཏབ་པས།།

བསགས་ངན་ཉེས་པའི་ལས་ཅན་བཙོན་ར་ལ་དྲུད་སོང་།།

ཚ་གྲང་དཀའ་སྡུག་འཐག་པའི་ཟུག་གཟེར་ཀྱི་བར་ནས།།

མཚར་སྡུག་རྒྱལ་བ་དགྱེས་པའི་སྐྱེད་ཚལ་དེ་དྲན་བྱུང་།།

རང་བས་གཞན་གཅེས་བྱམས་པའི་ཕ་མ་ནི་འཕྲད་ཀྱང་།།

འཆི་བདག་ལག་དམར་ནག་པོས་གཞན་ཡུལ་དུ་འཁྲིད་འགྲོ།།

དུས་གསུམ་སྐྱེ་འཆི་མི་མངའ་དགྱེས་འཛུམ་གྱིས་བཞུགས་པའི།།

རིགས་ཀྱི་ཡབ་ཡུམ་རྣམ་གཉིས་སེམས་གཏིང་ནས་དྲན་བྱུང་།།

རྣམ་བཞིའི་སྤྱོད་ལམ་འདྲེས་པའི་ཟླ་རོགས་ཙམ་མཆིས་ཀྱང་།།

ཆེ་ཐབས་གཟུ་ལུམ་བོར་བའི་གཉུག་སེམས་ཤིག་མ་མཐོང་།།

རྣམ་ཀུན་རྫུན་ཟོལ་མི་མངའ་མཛའ་གཅུགས་ཀྱིས་བཞེས་པའི།།

རིགས་ཀྱི་ལྕམ་དྲལ་སེམས་དཔའ་སྙིང་དབུས་ནས་དྲན་བྱུང་།།

སྐྱེ་བ་ལན་གཅིག་བོར་བས་ལས་འཕྲོ་འདི་རྫོགས་ན།།

ཚེ་གང་དཀའ་ངལ་གནས་པར་སེམས་གཏིང་ནས་བཟོད་ཀྱང་།།

མི་རུང་གྱ་ཉེས་བསགས་པ་བསམ་བརྗོད་ལས་འདས་པས།།

འཁོར་བའི་གཡང་སར་འགྲིམ་པ་འགོག་ཐབས་ཤིག་མི་འདུག།

མི་ཚེ་སྒོམ་སྒྲུབ་བརྩོན་པའི་རི་ཟོམ་གྱི་རྒོད་པོ།།

སྤོང་སྒྱུར་གྲོལ་བའི་གདེང་གི་གཤོག་ཟུང་ནི་བརྐྱངས་ཏེ།།

དག་པ་མཁའ་སྤྱོད་ཞིང་ལ་གྲུབ་རྟགས་ཀྱིས་གཤེགས་དུས།།

ལུང་གཤོང་འདམ་རྫབ་གསེང་ནས་བླ་ལྷག་ཅིག་སྐྱོ་འོང་།།

མ་རྟོགས་མ་རིག་བདུད་མོའི་བྲན་གཡོག་ཏུ་ཚུད་པས།།

མི་བཟོད་སྡུག་ཀུན་བྱུང་བར་ངེས་ཤེས་ནི་རྙེད་པས།།

བཅུ་ཕྲག་རིག་པའི་གཞུང་ལ་གང་ནུས་ཀྱིས་འབད་ཀྱང་།།

སྒྲིབ་གཉིས་མུན་སྨག་སྟུག་པོས་བཟུང་བ་འདི་དམ་འདུག།

ཆེན་པོ་ཐར་པའི་རྒྱུ་མཆོག་ཐབས་ཤེས་ཀྱི་ལམ་སྣེ།།

ཟིན་ན་བདེ་ཆེན་གྲོང་ལ་བདག་ཉིད་ཀྱང་སླེབས་རུང་།།

དུག་ལྔ་ཉེས་པའི་སྣ་འདྲེན་རང་འདོད་ནི་མ་ཟད།།

རིག་པའི་ལྷ་ཞལ་མཇལ་བའི་གོ་སྐབས་ཤིག་མི་འདུག།

བསམས་ཀྱང་ཐོབ་པ་མེད་པའི་འཇིག་རྟེན་གྱི་བྱ་དངོས།།

ཐོབ་ཀྱང་གཅེས་ཉར་མི་དབང་འདུ་འབྲལ་གྱི་སྡུག་བསྔལ།།

མི་འདོད་བཀའ་ཆད་ཕོག་པའི་དཀའ་སྡུག་གི་ཁུར་བོ།།

ད་ནི་གཞོགས་སུ་བསྐྱུར་ཏེ་ངལ་གསོ་ཞིག་བྱུང་ན།།

  • ལེ་ཚན་སྔོན་མ།:འཁོར་བའི་སྲུང་སྐུད་ཁྱོད་ཡིན།
  • ལེ་ཚན་རྗེས་མ།:འཚོ་བ་འདིར་ང་མགུ་པོ་བྱུང་།