འཁོར་བའི་སྲུང་སྐུད་ཁྱོད་ཡིན།

འདན་རུལ་རྒོལ།        2020-10-16

རྒྱ་ཆེན་འཁོར་བའི་ཐང་གི་ཐང་དཀྱིལ་དུ། །

ཁ་ཆེམ་མེད་མོད་ལས་ཀྱི་རླུང་དམར་གྱིས། །

མཉམ་དུ་བསྡུས་ཏེ་མཉམ་དུ་སྐྱེས་པ་ཡི། །

དུང་ཞེན་ཐག་པས་སྦྲེལ་བའི་ངང་ཆུང་ཟུང་། །

དང་པོར་ས་མཐའ་སྡེ་མཐའི་ལྡེའུ་གཉིས། །

མི་ཚོགས་གྲམ་པའི་དཀྱིལ་ནས་རིག་ཏུ་མེད། །

དེ་ཡང་ཉིན་སྲིབ་གཉིས་ཀྱི་ལྡེའུ་སྟེ། །

དེ་ལ་བརྩེ་དུང་མེད་དོ་འབྲེལ་བ་མེད། །

སྐབས་ཤིག་ལྡུམ་ར་ནང་གི་གུར་གུམ་གཉིས། །

སྟེས་དབང་ཞིག་གིས་མཉམ་དུ་བཞད་ཙམ་ལས། །

བསམ་གྱིས་མ་འཕྲད་གཞན་གྱིས་བཀོས་པ་མིན། །

ཆགས་དང་སྡང་བའི་ཟེའུ་འབྲུ་དེ་ལ་མེད། །

ག་ཤད་གཅིག་ནས་རླུང་གིས་ཁྱེར་ཡོང་ངམ། །

བསམ་བཞིན་གཅིག་གིས་བདག་ལ་བཅོལ་ཡོང་ངམ། །

ཁྱོད་ཀྱི་མིང་བྱང་དོད་པའི་གསེར་ཤོག་གཅིག །

ནམ་ཞིག་སེམས་ཀྱི་ཁང་དུ་ལུས་འདུག་གོ །

དེ་དུས་ཁྱོད་ཉིད་དེ་ཙམ་རྩ་ཆེན་མིན། །

འཚོ་བའི་ཁྲོད་ནས་ནམ་རྒྱུན་འཕྲད་པ་ཙམ། །

སྐབས་སྐབས་ཀུ་རེ་མཚར་གཏམ་ལབ་ས་ཙམ། །

དེའི་སྐབས་ཡོད་ཀྱང་ཆོག་ལ་མེད་ཀྱང་སླ། །

མ་ངེས་ལོ་ཟླ་ཡོ་བའི་རྒྱབ་ལོགས་ནས། །

ནམ་ཞིག་བརྩེ་བའི་འདབ་མ་བརྒྱད་ལྡན་བཞད། །

རྩ་བ་ངས་བྱས་རྩེ་མོ་ཁྱོད་ཀྱིས་སྲུང་། །

དེ་ནས་ཁྱོད་ནི་བདག་གི་སྲུང་སྐུད་གྱུར། །

སེམས་པ་སྙི་མོ་བལ་གྱི་ལྭ་བ་འདི། །

ཁྱོད་ཀྱིས་ཆུ་ཡིས་བརླན་ལ་མེ་ཡིས་གསོས། །

སྲིད་པའི་དགའ་སྐྱོའི་མངར་སྐྱུར་ཉམས་སུ་མྱོང་། །

འཁོར་བའི་མཚན་ཉིད་མ་ནོར་ཁྱོད་ཀྱིས་འཆད། །

སེམས་པ་སེམས་ཀྱི་གཞུང་དུ་ལྷུང་ཚར་དུས། །

དུང་བ་དུང་བའི་སྐུད་ལ་ལྷས་ཚར་རྗེས། །

གཞིས་རས་ཟླ་གམ་མིག་མཐའི་ནེའུ་ཐང་ནས། །

རབ་དྭངས་མུ་ཏིག་གཏེར་ཁ་ངང་གིས་གྲོལ། །

ཁྱོད་ནི་བདག་གི་ཡིད་ཀྱི་མེ་ཏོག་ཏེ། །

གཞན་གྱིས་རེག་ན་འདབ་མ་ཉམས་དོགས་ཤོར། །

མི་ཚོས་བལྟས་ན་ཁ་མདོག་ཤོར་འགྲོ་སྙམ། །

དེ་བས་བདག་ཉིད་ཁོ་ནར་དབང་ན་དྲན། །

ལོ་ཟླའི་གཙང་བོའི་རྦ་རླབས་ངར་མ་ཡིས། །

ཆ་གྱུར་འདབ་ཆགས་ག་ལེར་ཁ་བྲལ་གཏོང་། །

འོན་ཀྱང་བདག་སེམས་ངང་བ་དཀར་པོ་ཁྱོད། །

ལོ་ཟླའི་རླབས་ཀྱིས་མ་ཁྱེར་ད་དུང་ལུས། །


  • ལེ་ཚན་སྔོན་མ།:བཟའ་བཏུང་གི་འགྱུར་ལྡོག
  • ལེ་ཚན་རྗེས་མ།:ཕ་ཡུལ་ནས་ཕ་ཡུལ་དྲན་པ།