ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་རུ་ཁག་གི་བྱ་བར་གཟིགས་ཞིབ་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2020-10-15

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་རུ་ཁག་གི་བྱ་བར་གཟིགས་ཞིབ་གནང་ནས་ནན་གྱིས་བསྟན་དོན། མཚོ་དམག་སྐམ་འཐབ་རུ་ཁག་ནི་མཚོ་ཐོག་དང་སྐམ་ས་གཉིས་ཀྱི་རྩེར་སོན་གྱི་དམག་འཐབ་སྟོབས་ཤུགས་ཤིག་ཡིན་ཞིང་། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོབ། རྒྱལ་ཁབ་ཀྱི་ཕྱི་ཡུལ་ཁེ་ཕན་སྲུང་སྐྱོབ་བཅས་ཀྱི་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། མཚོ་དམག་སྐམ་འཐབ་རུ་ཁག་འཛུགས་སྐྲུན་དོ་དམ་དང་དམག་འཐབ་བཀོལ་སྤྱོད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། ཚུལ་སྒྱུར་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། དམག་འཐབ་བྱེད་ནུས་མྱུར་དུ་ཆེ་རུ་གཏོང་བ་དང་། མཉམ་གྲུབ་ནུས་མང་དང་། མགྱོགས་མྱུར་ངང་རྒོལ་ངན་སྤྲོད་པའི་ཚོར་ཤུགས་སྐྱེན་པ།  ས་ཁོངས་ཡོངས་ནས་བཀོལ་སྤྱོད་བཅས་བྱེད་པའི་དམག་དཔུང་ལེགས་པོ་ཞིག་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་ཟེར།

        ཞི་ཅིན་ཕིང་གིས་བསྟན་དོན། སེམས་ནུས་ཡོད་རྒུ་དམག་འཐབ་ཀྱི་སྟ་གོན་སྟེང་བཞག་ནས་ཚད་མཐོའི་དོགས་ཟོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། མཚོ་དམག་སྐམ་འཐབ་རུ་ཁག་གི་ལས་འགན་སྣ་མང་དང་ནུས་པའི་བླང་བྱ་སྣ་མང་ཡིན། དམག་འཐབ་ལ་བརྟེན་ནས་སྦྱོང་བརྡར་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་འགན་གྱི་སྣེ་ཁྲིད་ལ་ཤུགས་སྣོན་དགོས། དམིགས་སའི་རང་བཞིན་དང་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་བསྣན་ནས། དཀའ་ངལ་ཁྱད་བསད་ཀྱིས་དཔུང་སྡེར་སྦྱོང་བརྡར་ནན་མོ་བྱེད་དགོས། དམག་འཐབ་ཀྱི་རིགས་པའི་གཞུང་ལུགས་དང་སྦྱོང་བརྡར་བྱེད་སྟངས། ལས་འགན་ཚན་ཆུང་སྒྲིག་པ་སོགས་ཀྱི་ཐད་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས། སྦྱོང་བརྡར་གྱི་ཆུ་ཚད་དང་དངོས་འཐབ་ནུས་པ་ཆེ་རུ་གཏོང་དགོས། ཁོངས་གཏོགས་དམག་འཐབ་སྟོབས་ཤུགས་དང་དམག་འཐབ་སྡེ་ཁག དམག་འཐབ་རྒྱུ་རྐྱེན་གཙོ་བོ་བཅས་མཉམ་འདྲེས་འདུས་གྲུབ་ལ་ཤུགས་བསྣན་ནས། དམག་དཔུང་གི་རིགས་དང་དཔུང་སྡེའི་རིགས་གཞན་དག་གི་དམག་དཔུང་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་པ་དང་། འབྲེལ་ཡོད་བཀོད་འདོམས་ཀྱི་འབྲེལ་བ་དང་འགན་སྲུང་གི་འབྲེལ་བ་མཐུན་སྒྲིག་བྱེད་དགོས་པར་མ་ཟད། མཉམ་འབྲེལ་དམག་འཐབ་མ་ལག་ནང་ཟབ་མོར་འདྲེས་པར་བྱེད་དགོས་ཟེར།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་སྐྱོང་བྱ་རྒྱུ་དམ་འཛིན་གང་ལེགས་བྱེད་དགོས། དམག་དཔུང་ལྷག་བསམ་རྣམ་དག་དང་ལྷད་མེད་དྭངས་གཙང་། ཡིད་རྟོན་རུང་བ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་དགོས། མཚོ་དམག་སྐམ་འཐབ་རུ་ཁག་གི་ཁྱད་ཆོས་ལྡན་པའི་དམག་དཔུང་རིག་གནས་འཛུགས་སྤེལ་བྱེད་པ་དང་། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་འཐབ་འཛིང་གི་སྙིང་སྟོབས་གསོ་སྐྱོང་བྱས་ཏེ། དམག་དཔུང་རྔམ་ཟིལ་ལྡན་པ་ཞིག་ཏུ་བསྒྱུར་དགོས།  དམག་དཔུང་ལ་སློབ་གསོ་དང་དོ་དམ་ནན་མོ་བྱས་ནས་དམག་དཔུང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱས་ནས་གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོར་སྒྲུབ་སྟེ། གཞི་རིམ་གྱི་ཉམས་སད་ཐེག་ཐུབ་པའི་དམག་དཔུང་བསྐྲུན་དགོས། མཐུན་སྒྲིལ་དང་མཛའ་བརྩེ། འཆམ་མཐུན། བབ་གཙང་བཅས་ཀྱི་ནང་ཁུལ་འབྲེལ་བ་གོང་འཕེལ་བཏང་ནས། ལྷག་བསམ་རྣམ་དག་གིས་དཔོན་དམག་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ཏེ། རྒྱ་ཆེའི་དཔོན་དམག་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

        མཇུག་མཐར་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་རིམས་ནད་འགོག་སྡོམ་གྱི་གནས་བབ་སྔར་བཞིན་གཏན་འཁེལ་མེད་པའི་རང་བཞིན་དུ་གནས་ཡོད། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དེ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་ལ། དམག་དཔུང་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གོང་ནས་གོང་དུ་འཕེལ་བར་བྱེད་དགོས་ཟེར།

        ཞུས་ཆི་ལེང་སོགས་ཐེངས་འདིའི་བྱེད་སྒོར་ཞུགས། །


  • ལེ་ཚན་སྔོན་མ།:2020ལོའི་རྒྱལ་ཡོངས་བོད་སྐད་ཡིག་གི་བརྡ་ཆད་གཅིག་གྱུར་གྲོས་ཚོགས།
  • ལེ་ཚན་རྗེས་མ།:གློག་བརྙན《དབུགས་ལྒང》རྒྱལ་ཡོངས་ནས་གཟིགས་འབུལ་བྱ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།