སྔོན་ཆད་སློབ་གྲྭར་འགྲོ་བ་དཀའ་ངལ་ཆེ།།ད་ཆ་སློབ་གྲྭ་ཡག་པོར་འགྲོ་ཐུབ་ཡོད།།

དབྱངས་ཅན་གྱིས་བསྒྱུར།        2020-10-12

སྔོན་ཆད་སློབ་གྲྭར་འགྲོ་བ་དཀའ་ངལ་ཆེ།།ད་ཆ་སློབ་གྲྭ་ཡག་པོར་འགྲོ་ཐུབ་ཡོད།།

སྤྱི་ཟླ9པའི་ཚེས23ཉིན་ཉག་ཆུ་རྫོང་མགར་ར་སློབ་གསོའི་གཅིག་བསྡུས་སློབ་གཉེར་བྱེད་ཁུལ་ཏེ་མགར་ར་གྲོང་རྡལ་གྱི་ཡུག་སྦྲེལ་ཞག་སྡོད་ལམ་ལུགས་སློབ་གྲྭའི་ལོ་རིམ་དྲུག་པའི་སློབ་མ་དབྱང་ཡུན་ཧྭ་ཡིས་སློབ་གྲྭར་བསྡད་རྗེས་ཨ་ཕྱིས་ཡང་བསྐྱར་སྡོད་ཁང་གླས་ནས་སློབ་གྲྭའི་ཉེ་འཁོར་དུ་སྡོད་རོགས་བྱེད་མི་དགོས་པ་རེད། ང་རང་སློབ་གྲྭར་བཟའ་རྒྱུ་དང་ཉལ་ས་ཡག་པོ་ཡོད་པར་མ་ཟད། དུས་རྒྱུན་སློབ་གསེང་སྐབས་སུ་ད་དུང་དཔེ་མཛོད་ཁང་དུ་དཔེ་ཆ་ལྟ་སར་འགྲོ་ཆོག་པས། སློབ་སྦྱོང་དང་འཚོ་བ་སྔོན་ཆད་ལས་ཡག་པ་རེད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་སློབ་གྲྭའི་སྒྲིག་ཆས་རྙིང་ཧྲུལ་དང་། དགེ་རྒན་ཉུང་བ། སློབ་ཁྲིད་ཀྱི་སྤུས་ཚད་དམའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད། ཞིང་སྡེ་ཡུལ་ཤོག་གྲོང་རྡལ་གྱི་ཕྱོགས་སུ་བསྡུ་རུབ་དང་། ཡུལ་ཤོག་དང་གྲོང་རྡལ་ཡུག་སྦྲེལ་གྱི་ཕྱོགས་སུ་བསྡུ་རུབ། ཡུག་སྦྲེལ་རྫོང་མཁར་དུ་བསྡུ་རུབ་བྱེད་པ་བཅས་ཀྱི་སློབ་གཉེར་བསམ་ཕྱོགས་ལྟར། ཉག་ཆུ་རྫོང་གིས་ལས་གཞིའི་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། 2013ལོར་ཉག་ཆུའི་འགྲམ་རྒྱུད་ཀྱི་མགར་ར་སློབ་གསོའི་གཅིག་བསྡུས་སློབ་གཉེར་བྱེད་ཁུལ་དེ་དངོས་སུ་སྐྲུན་མགོ་བཙུགས་ཤིང་། 2019ལོར་སློབ་གཉེར་བྱེད་ཁུལ་ཁྱོན་ཡོངས་སུ་བསྐྲུན་ཐུབ་པ་བྱུང་ནས། བྱིས་པ་ཁང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་བཅས་འདུས་པའི་སློབ་གྲྭ་ཞིག་བསྐྲུན་ཡོད། དེའི་སྤྱིའི་གཞི་ཁྱོན་ལ་མུའུ233ཡོད་ཅིང་། སྤྱིའི་འཛུགས་སྐྲུན་གཞི་ཁྱོན་སྨི་གྲུ་བཞི70508དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར4ལྷག་བཏང་ཡོད། སློབ་གསོའི་གླིང་ཁུལ་དེ་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ16ལ་ཁེབས་ནས་སློབ་མ་སློབ་གྲྭར་ཞུགས་དཀའ་བ་དང་གྲོང་ཡུལ་གྱི་སློབ་གསོ་ཆ་སྙོམས་མིན་པའི་གནས་ཚུལ་ཐག་གཅོད་བྱས་པ་རེད།

མཆོང་བརྒལ་འཕེལ་རྒྱས་བྱུང་ནས་དཀར་མཛེས་ཁུལ་གྱི་སློབ་གསོའི་འཕོ་འགྱུར་ཧ་ཅང་ཆེ།

ཁུལ་འཛུགས་པའི་དུས་མགོར་ལོ་རྒྱུས་རིག་གནས་དང་། རང་བྱུང་ས་ཁམས། དཔལ་འབྱོར་སྤྱི་ཚོགས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཤུགས་རྐྱེན་ཐེབས་ནས་སློབ་གསོའི་ཐོན་ཁུངས་ཧ་ཅང་དཀོན་པ་རེད། 1950ལོར་ཁུལ་ཡོངས་སུ་སློབ་གྲྭ43དང་། སློབ་གྲྭར་ཡོད་པའི་སློབ་མ3227དང་ཆེད་དུ་འགན་བཞེས་མཁན་དགེ་རྒན112ཡོད། སློབ་གསོའི་རྨང་གཞིའི་སྒྲིག་ཆས་ཧ་ཅང་ཐབས་ཆག་ཡིན་པ་རེད།

ལོ་ངོ70རིང་གི་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། དཀར་མཛེས་ཁུལ་གྱི་སློབ་གསོའི་མི་སྣས་སེམས་ཤུགས་གཅིག་སྒྲིམ་གྱིས་དཀར་མཛེས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་བྱས་རྗེས་ཉམས་མེད་བཞག་ཡོད་པ་རེད། 2010ལོར་ཁུལ་ཡོངས་སུ་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོའི་དམིགས་ཚད་མངོན་འགྱུར་བྱུང་ཞིང་། 2019ལོར་སློབ་ན་སོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ99.78ལ་སླེབས་པ་དང་། དམའ་འབྲིང་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ98.78ལ་ཟིན་ཡོད། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ཞུགས་བརྟན་ཚད་བརྒྱ་ཆ95ཡན་ལ་ཟིན་ཞིང་། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་ནས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ཁུལ་ཡོངས་ཀྱི་སློབ་གསོའི་གྲོན་དངུལ་གཏོང་ཚད་ལོ་རེ་བཞིན་འཕར་ནས་སློབ་སྔོན་སློབ་གསོ་ཡོངས་ཁྱབ་འཕེལ་རྒྱས་ཡོང་བ་དང་། འོས་འགན་སློབ་གསོའི་སྤུས་ཚད་ཆ་སྙོམས་འཕེལ་རྒྱས་བྱུང་ཡོད། མཐོ་འབྲིང་དཀྱུས་མའི་སློབ་གསོ་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་པ་དང་། ལས་རིགས་སློབ་གསོ་ཚན་རིག་དང་མཐུན་པའི་སྒོས་འཕེལ་རྒྱས་ཡོང་བའི་སློབ་གཉེར་གྱི་མ་ལག་རིམ་བཞིན་འཛུགས་སྐྱོང་བྱེད་བཞིན་པ་རེད།

ད་ལོའི་སྤྱི་ཟླ4པར་དཀར་མཛེས་རྫོང་གི་རྒྱང་རིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་སློབ་གྲྭའི་ཁྲོད། ལོ་རིམ་གསུམ་པའི་འཛིན་གྲྭ་བདུན་པའི་སློབ་མ་ཚུལ་ཁྲིམས་ཉི་མས་མང་འཕྲིན་སློབ་ཁང་དུ་བསྡད་དེ་དགེ་རྒན་གྱིས་གློག་རྡུལ་པར་གཞི་སྤྱད་ནས་སློབ་ཁྲིད་བྱེད་པར་ནན་ཏན་གྱིས་ཉན་པ་རེད། ཁོ་རང་ན་ལོའི་སྤྱི་ཟླ9པར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་སློབ་གྲྭར་སྤོས་ཡོད། སྔོན་ཆད་ཀྱི་སློབ་གྲྭ་དང་བསྡུར་ན་ཁྱད་པར་ཅི་ཡོད་པའི་སྐོར་གླེང་སྐབས། ཁོས་སྔོན་ཆད་ཀྱི་སློབ་གྲྭ་དེ་རྒྱང་ཐག་སྤྱི་ལེ200ལྷག་ཡོད་པའི་འབྲོག་ཁུལ་དུ་ཆགས་པ་དང་སློབ་གྲྭ་ཆུང་ལ་སྒྲིག་ཆས་ཀྱང་ཐབས་ཆག་ཡིན་པ་རེད། ད་ལྟའི་སློབ་གྲྭར་སློབ་ཁྲིད་ཀྱི་ཐོག་ཁང་ཆེན་པོ་དང་། སློབ་གྲྭའི་ར་བ། ཟ་ཁང་ཚང་མ་ཡོད་འདུག འདི་འདྲའི་སློབ་གྲྭ་ཡག་པོའི་ནང་སློབ་སྦྱོང་བྱེད་ཐུབ་པ་ནི་ང་རང་གིས་རྨི་ལམ་ནང་ལའང་དྲན་མ་མྱོང་ཞེས་བཤད། ཚུལ་ཁྲིམས་ཉི་མ་དང་འདྲ་བའི་སློབ་གྲྭ་འདིར་ཡོད་པའི་རྫོང་དེའི་ཡུལ་ཤོག(གྲོང་རྡལ)10ཡི་ས་མཐའི་འབྲོག་ཁུལ་ནས་འོངས་པའི་སློབ་མ1717གྱིས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་ཡོད།

2019ལོར་རང་ཁུལ་གྱིས་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར23.77བཏང་ཡོད། སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཐད་མ་དངུལ་སྒོར་དུང་ཕྱུར1.7བཏང་ནས་སློབ་གྲྭ607གྱི་འཛུགས་སྐྲུན་ལས་གཞི་དང་འབྲེལ་བ་དང་སྒྲིག་ཆས་ཐད་མ་དངུལ་སྒོར་དུང་ཕྱུར1.13བཏང་ཡོད། གྲོང་སྡེ་དབུལ་ཕོངས་ཀྱི་བྱིས་པ་ཁང60དང་སློབ་གྲྭ་ཆུང་འབྲིང64ཡི་སྡོད་ཁང་ལེགས་བཅོས་བྱེད་པའི་ཨར་ལས། དེ་བཞིན་ཡུལ་ཤོག་གི་ལྟེ་བའི་སློབ་གྲྭ་ཚད་ལྡན20བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། ད་ཆའི་བར་དུ་ཁུལ་ཡོངས་སུ་སློབ་གྲྭ་ཁྱོན་བསྡོམས846དང་སློབ་ཞུགས་སློབ་མ་ཁྲི23.47ཡོད། ཆེད་དུ་འགན་བཞེས་མཁན་དགེ་རྒན་ཁྲི1.37ཡོད། སློབ་གྲྭའི་སྤྱི་ཁྱོན་སྨི་གྲུ་བཞི་མ་ཁྲི745ཡིན་ཞིང་། སློབ་གྲྭའི་སྡོད་ཁང་གི་འཛུགས་སྐྲུན་སྤྱི་ཁྱོན་སྨི་གྲུ་བཞི་ཁྲི385ཡོད་པས། སློབ་གྲྭ་ནི་ཡུལ་དེ་གའི་བཟོ་བཀོད་ཆེས་མཛེས་པར་གྱུར་ཡོད།

སློབ་གསོས་དབུལ་སྐྱོར་བྱས་ནས་མི་རབས་བརྒྱུད་པའི་དབུལ་རྒྱུན་བཅད།

དབུལ་ཕོངས་ལས་ཐར་དགོས་ན་ཐོག་མར་རིག་པས་དབུལ་སྐྱོར་བྱ་དགོས། ཁྱིམ་ཚང་དབུལ་པོའི་ཕྲུ་གུ་ཚོར་སློབ་གསོ་ཡག་པོ་ཐེབས་སུ་འཇུག་པ་ནི་མི་རབས་བརྒྱུད་པའི་དབུལ་རྒྱུན་གཅོད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་རེད།

དབུལ་ཐར་འགག་སྒྲོལ་བྱས་པ་ནས་བཟུང་ཁུལ་ཡོངས་སུ་རིམ་བརྩིས་ཀྱིས་མ་དངུལ་སྒོར་དུང་ཕྱུར38.53བཏང་ནས་རིམ་པ་ཁག་གི་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་སྐུལ་འདེད་བཏང་ཞིང་། གློག་རྡུལ་སྦྱང་ཤིང་དང་གཞི་གཅིག་ཅན་གྱི་འཕྲུལ་འཁོར་སོགས་སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས་སློབ་གྲྭར་བཙུགས་ནས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སློབ་གྲྭ་སྣ་ཚོགས་ཀྱི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་དང་། སློབ་གཉེར་བྱེད་ནུས་ཁྱོན་ཡོངས་ནས་ཇེ་ཆེ། སློབ་ཁང་དུ་ཤོང་ཚད་ཁྱོན་ཡོངས་ནས་རྒྱ་སྐྱེད་བཅས་བཏང་ནས། འོས་འགན་སློབ་གསོའི་དུས་རིམ་གྱི་གྲོང་ཡུལ་འཕེལ་རྒྱས་ཡོང་བའི་ཧེ་བག་རྒྱུན་མཐུད་ཇེ་ཐུང་དུ་འགྲོ་བཞིན་པ་རེད།

དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་དང་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་།

དགེ་རྒན་གྱི་དཔུང་སྡེ་སྟོབས་ཆེར་གཏོང་བའི་སྲིད་ཇུས་རྒྱུན་མཐུད་དོན་འཁྱོལ་བྱེད་པ་དང་། ཚན་རྩལ་ཞིབ་འཇུག་ལ་བརྟེན་ནས་སློབ་གསོ་དར་སྤེལ་གཏོང་བའི་སྐུལ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱས། སློབ་གྲྭ་རང་ཉིད་ཀྱི་སློབ་གསོའི་ཞིབ་འཇུག་གི་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། འདེམས་སྒྲུག་ཞིབ་ཚགས་བྱས་པ་བརྒྱུད། ཁུལ་རིམ་པའི་དགེ་རྒན་གྲགས་ཅན་གྱི་ལས་སྒྲུབ་ཁང48དང་ཁུལ་རིམ་པའི་སློབ་གྲྭའི་མགོ་འཛིན་གྲགས་ཅན་གྱི་ལས་སྒྲུབ་ཁང13འཛུགས་སྐྲུན་དང་རྐང་འཛིན་དགེ་རྒན2329བསྡུ་ལེན་བྱས་ནས། ལོ་རེར་ལས་སྒྲུབ་ཁང་རེར་ལས་སྒྲུབ་འགྲོ་གྲོན་སྒོར་ཁྲི8བཀོད་སྒྲིག་བྱས། སློབ་ཁྲིད་སྤུས་ཚད་ཀྱི་བྱ་དགའ་སྒྲིག་བཀོད་བྱས་ནས། ཁུལ་རིམ་པའི་ནོར་སྲིད་ཀྱིས་ལོ་རེར་སྒོར་ཁྲི500ལས་མི་ཉུང་བ་དང་། རྫོང(གྲོང་ཁྱེར)གི་ནོར་སྲིད་ཀྱིས་ལོ་རེར་སྒོར་ཁྲི100ལས་མི་ཉུང་བའི(དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་ལོ་རེར་སྒོར་ཁྲི30ལས་མི་ཉུང་བ)སྔོན་རྩིས་ཀྱི་དམིགས་ཚད་ལྟར། སློབ་གསོའི་སྤུས་ཚད་བཟང་བའི་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱ་དགའ་སྤྲད་ཡོད། སློབ་གསོའི་ཚན་རྩལ་ཞིབ་འཇུག་རྟེན་གཞི་བསྐྲུན་པའི་ལས་ཀ་སྤེལ་མགོ་བཙུགས་ནས། དུང་དཀར་ལུང་པའི་སློབ་འབྲིང་དང་། ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་གྱི་སློབ་ཆུང་སློབ་གསོའི་ཚན་རྩལ་ཞིབ་འཇུག་རྟེན་གཞི་འཛུགས་གཉེར་བྱས་པ་རེད།

གྲོང་སྡེའི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་རྒྱུན་མཐུད་ལག་བསྟར་གཏིང་ཟབ་བྱས་ནས། ཡུག་སྦྲེལ་ཆེན་པོ་བཞིའི་ཞིང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་དོན་འཁྱོལ་བྱས། 2019ལོ་ནས་བཟུང་ལོ་རེར་ཀུན་སྤྱོད་དང་གོམས་སྲོལ་ཡག་པོ་དང་། སློབ་ཁྲིད་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པ། གཞི་རིམ་གྱི་ལས་དོན་སྒྲུབ་བཞིན་པའི་ཕུལ་བྱུང་དགེ་རྒན100དཔྱད་བསྡུར་འདེམས་བསྐོ་དང་གཟེངས་བསྟོད་བྱས་པ་དང་། སློབ་གསོའི་ཐེབས་རྩ་ལས་ལོ་རེར་སྒོར་ཁྲི100བཀོད་སྒྲིག་བྱས་ནས་བྱ་དགའ་སྤྲོད་བཞིན་ཡོད།

ཁུལ་བཙུགས་ནས་ལོ་ངོ70རིང་རང་ཁུལ་དུ་སློབ་སྔོན་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་འབྲིང་སློབ་གསོ། ལས་རིགས་ལག་རྩལ་སློབ་གསོ། དམིགས་བསལ་སློབ་གསོ། དར་མའི་སློབ་གསོ་བཅས་འདུས་པའི་སློབ་གཉེར་མ་ལག་ཆེན་པོ་དྲུག་ཆགས་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སློབ་གྲྭ་སྣ་ཚོགས་ཀྱི་སློབ་གཉེར་གྱི་ཆ་རྐྱེན་མངོན་བསལ་ལེགས་བཅོས་བྱུང་ཡོད་པ་དང་། སློབ་གཉེར་བྱེད་ནུས་ཇེ་ཆེ་དང་། སློབ་གཉེར་གྱི་ཤོང་ཚད་ཁྱོན་ཡོངས་ནས་རྒྱ་སྐྱེད་བྱུང་ཡོད། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ད་ཆ་ཆེས་མཛེས་པའི་བཟོ་བཀོད་ནི་སློབ་གྲྭ་ཡིན་པ་དང་། ཆེས་མཛེས་སྡུག་གི་ཁོར་ཡུག་ནི་སློབ་གྲྭ་ཡིན་ལ། ཆེས་དགའ་འོས་པ་ནི་སློབ་མ་ཡིན་པ་རེད་ཅེས་མགྲིན་གཅིག་ཏུ་དེ་ལྟར་ལབ་བཞིན་ཡོད།

འབྲེལ་དྲྭ་དང་ཟུང་དུ་འབྲེལ་ནས་སྤུས་ལེགས་སློབ་གསོ་སྤེལ།

སྤྱི་ཟླ9པའི་ཚེས23ཉིན། སེར་ཤུལ་རྫོང་ཁྲོ་ཤུལ་འགབ་མ་ཡུལ་ཤོག་གི་ལྟེ་བའི་སློབ་གྲྭའི་མང་འཕྲིན་བྱེད་སྒོ་སྤེལ་ཁང་དུ་ལོ10ལོན་པའི་བཅོ་ལྔ་ལྷ་མོ་སློབ་གྲོགས་ཚོ་དང་མཉམ་དུ་གྲོང་སྡེའི་འབྲེལ་དྲྭ་སློབ་ཁང་གི་དྲྭ་ཐོག་སློབ་ཁྲིད་མ་ལག་བརྒྱུད་ནས། ཁྱད་མཚར་གྱི་ས་ཚི་ཡང་མོའི་བཟོ་རྩལ་སློབ་ཁྲིད་ལ་ཉན་ནས་དགའ་སྤྲོ་རབ་ཏུ་འཕེལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་རྒྱལ་ཁབ་ཀྱི་གསུམ་ཤར་གཏོང་ཐུབ་པ་དང་ལས་སྟེགས་གཉིས། ཁྱོན་ཡོངས་སུ་ཁེབས་པ་གསུམ་དང་། མཐོར་འདེགས་གཉིས། ལས་སྟེགས་ཆེན་པོ་གཅིག་བཅས་ཤུགས་ཆེན་བསྐྲུན་པའི་སྤྱིའི་དམིགས་འབེན་ལྟར། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར4བཏང་ནས་དཀར་མཛེས་ཁུལ་གྱི་རིག་ནུས་སློབ་གསོའི“123”གྱི་གྲུབ་ཆ་བསྐྲུན་ཏེ། ཁུལ་ཡོངས་ཀྱི་སློབ་གྲྭ་བརྒྱ་ཆ91.74ལ་ཁེབས་པ་དང་འཛིན་གྲྭ་བརྒྱ་ཆ100ལ་ཁེབས་པ། རྒྱང་བསྟེན་དྲ་བའི་སྤུས་ལེགས་སློབ་ཁྲིད་ཀྱི་ཐོན་ཁུངས་བེད་སྤྱོད་གཏོང་ཚད་བརྒྱ་ཆ96.3ལ་ཟིན་ཞིང་། ཁུལ་ཡོངས་ཀྱི་དགེ་སློབ་མི་གྲངས13000ལྷག་གིས་དྲྭ་ཐོག་སློབ་སྦྱོང་བྱ་རྒྱུ་ཐོ་འགོད་བྱས་ཡོད། ཁུལ་ཡོངས་སུ་མཐོ་འབྲིང་ལ་ཐད་གཏོང་ཅན་དང་། དམའ་འབྲིང་ལ་སྒྲ་གཏོང་འཇུག་ཅན། སློབ་ཆུང་ལ་འཇུག་པ་ཅན། བྱིས་པ་ཁང་ལ་ལྟ་སྦྱོང་ཅན་བཅས་ཀྱི་རྒྱང་བསྟེན་དྲྭ་ཐོག་སློབ་ཁྲིད་བྱེད་སྟངས་དང་རང་སའི་དམར་འབྲིང་ཐད་གཏོང་སློབ་ཁྲིད་བྱེད་སྟངས་བརྒྱུད་ནས། སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་སློབ་ཁྲིད་བྱེད་སྟངས་ཆགས་ཏེ་བོད་འབྲེལ་ས་ཁུལ་གྱི་སློབ་གསོའི་སྤུས་ཚད་ཞན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། གཅིག་བསྡུས་ལེགས་སྒྲིག་དང་རིམ་པ་ཁག་གིས་ནུས་ཤུགས་འདོན་པའི་དཀར་མཛེས་ཁུལ་གྱི་རིག་ནུས་སློབ་གསོའི་ཉམས་མྱོང་དང་ཟུང་འབྲེལ་བྱས་པ་རེད།

2015ལོར་སི་ཁྲོན་ཞིང་ཆེན་སློབ་གསོ་ཆ་འཕྲིན་ཅན་དུ་སྐུལ་འདེད་གཏོང་བའི་ལས་ཀའི་ཡུལ་དངོས་གྲོས་ཚོགས་རང་ཁུལ་དུ་འཚོགས་པ་དང་། 2016ལོར་རྒྱལ་ཡོངས་ཀྱི་ས་མཐའི་མི་རིགས་ས་ཁུལ་གྱི་སློབ་གསོའི་ཆ་འཕྲིན་ཅན་དུ་སྐུལ་འདེད་གཏོང་བའི་ལས་ཀའི་ཡུལ་དངོས་གྲོས་ཚོགས་རང་ཁུལ་དུ་འཚོགས་ཡོད། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ཞིང་ཆེན་ཁྲོད་ཀྱི་སྤུན་ཟླ་གྲོང་ཁྱེར(ཁུལ)རང་ཁུལ་དུ་འབྱོར་ནས་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་པའི་ཉམས་མྱོང་རྟོག་ཞིབ་ཐེངས30ལྷག་ལ་ཟིན་ཡོད། 2017ལོའི་ལོ་མཇུག་ཏུ་རང་ཁུལ་ཞིང་ཆེན་རིམ་པའི《སི་ཁྲོན་ཞིང་ཆེན་སློབ་གསོ་ཆ་འཕྲིན་ཅན་གྱི་ཚོད་ལྟ་བྱེད་ས》དང་《དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་སྤྱད་ནས་མི་རིགས་ས་ཁུལ་དང་ནང་ལོགས་ས་ཁུལ་གྱི་སློབ་གསོ་མཉམ་དུ་འཕེལ་རྒྱས་ཡོང་བའི་ཕྱོགས་བསྡུས་བཅོས་བསྒྱུར་ཚོད་ལྟ་བྱེད་ས》ཕུལ་བྱུང་གི་གྲས་སུ་ཚུད་པ་རེད།།

  • ལེ་ཚན་སྔོན་མ།:མཐོ་སྒང་གི་ཁྱད་ཆོས་ཐོན་རྫས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུགས་ཆེན་པོ་ལ་བཙོངས།
  • ལེ་ཚན་རྗེས་མ།:བོད་ཀྱི་གནའ་བོའི་ཐམ་ག
  • དོ་སྣང་ཆེ་བའི་རྩོམ།