ཚིག་ལ་བརྒྱུས་པའི་མིག་ཆུ།

འཁོན་སྲས་རྣོ་ཟེར།        2020-09-30

མི་ཕམ་མགོན་པོའི་ཐུགས་ཀྱི་མཛོད་འཛིན་ལ།།

མི་ལའི་རྣམ་ཐར་རྨུ་ཐག་རིང་དཔྱངས་པའི།།

མི་ཡུལ་ཉམ་ཐག་སྐྱེ་རྒུའི་མགོན་གཅིག་པུ།།

མི་རྗེའི་རྒྱལ་ཚབ་རྡོ་གྲུབ་བླ་མ་མཁྱེན།།

མི་ལོ་སུམ་ཅུའི་སྐས་ལ་མ་འཛེགས་བར།།

མི་ལས་མི་ཡི་གྲས་ལ་ལེགས་བཙུད་ལ།།

མི་རབས་སྔོན་མའི་སྒལ་ཚིགས་ཡོད་དགོས་ཚུལ།།

མི་ངན་ང་ལ་མང་དུ་བསྩལ་བ་དྲན།།

མི་ཆོས་ལྷ་ཆོས་ཟུང་དང་མ་འགལ་བའི།།

མི་སེར་ཕལ་བ་ཞིག་གི་འཚོ་གནས་ལ།།

མི་འདུག་མི་གཉིད་དཀའ་བ་ཁྱད་བསད་དེ།།

མི་རབས་ང་ཚོར་འདི་འདྲའི་བདེ་སྐྱིད་གནང་།།

མི་ཡུལ་འདི་ནས་མི་ལུས་ཐོབ་པ་ནས།།

མི་བུ་བདག་ལ་དྲིན་ཆེན་མང་ན་ཡང་།།

མི་ཡི་ཚེ་མཐའ་སོན་པའི་ཕ་གཡར་ཁྱོད།།

མི་མཇེད་ཞིང་འདིར་བདག་གི་རྒྱབ་རི་ཡིན།།

མི་འདོད་འཆི་བདག་འབོད་བརྡ་ཐེངས་གཅིག་གིས།།

མི་མཇེད་ཞིང་ལ་གཏན་དུ་གྱེས་བརྡ་བཏང་།།

མི་ཡི་མགོན་པོ་རྡོ་གྲུབ་གཏེར་རྒན་བཀའ།།

མི་བརྗེད་བློ་རུ་སྒོམ་བཞིན་ཁྱེད་ཕེབས་སོང་།།

མི་ཡི་གྲལ་ལས་སོ་སྐྱེ་ཉིད་མཐོང་ཡང་།།

མི་ཚེར་མཇུག་སྡོམ་བྱེད་པར་ཉེ་བའི་དུས།།

མི་རྗེ་གོང་མའི་ཞལ་ཆེམས་བློ་རུ་སྒོམ།།

མི་སྐད་གསོན་པོས་ང་ཚོར་སྙིང་སྟོབས་སྦྱིན།།

མི་རྟག་ལྟད་མོ་མང་བའི་འཇིག་རྟེན་ནས།།

མི་འདོད་འདི་ལྟར་གྱེས་པས་ངུ་རེ་བྲོ།།

མི་རྗེའི་ལུང་བསྟན་བསམ་ན་ཡིད་རེ་དགའ།།

མི་ང་འདི་ལྟར་ལྷག་པའི་ལས་སྐལ་སྡུག།

མི་ཡུལ་ཟེར་བའི་དུག་ལྔའི་བྱེ་ཐང་འདིར།།

མི་འདོད་དུཿཁའི་ན་བུན་འཁྲིགས་དྲགས་པས།།

མི་སེམས་ཤོག་དཀར་ལེགས་ཀྱང་ནག་པོར་བཏང་།།

མི་འདོད་དུག་གི་མདའ་མོ་སྙིང་ལ་ཟུག།

མི་ཡུལ་མི་ཚེ་རླུང་ནང་མར་མེའི་ཟླ།།

མི་རྟག་མི་བརྟན་འཇིག་པའི་ཆོས་ཅན་པས།།

མི་འདོད་སྡུག་གི་ཚེར་མའི་རྣོ་དཔལ་གྱིས།།

མི་བཟོད་ན་ཟུག་སློང་ཡང་མི་རྟག་བསྒོམ།།

མི་རེའི་ལས་དབང་འདི་ལས་འདི་ལྟར་དུ།།

མི་སྡོད་གཉེན་ཚན་སྙན་གྲགས་འབྱོར་བ་ལ།།

མི་འདོད་བཞིན་དུ་གྱེས་པའི་ཆོས་ཉིད་མཐོང་།།

མི་སྐད་གཙང་མའི་ན་ཟུག་དབྱངས་རྟར་དྲངས།།


  • ལེ་ཚན་སྔོན་མ།:ཚེ་འདིར་ཕུགས་འདུན་མངོན་འགྱུར་ཤོག
  • ལེ་ཚན་རྗེས་མ།:འཁོར་བའི་འདབས་ཀྱི་རྐྱང་གཞས།