གཏམ་རྒྱུད་ཀྱི་སྐར་མ་རབ་རིབ།

འབྲོག་ཤེས་རབ།        2020-09-30

    ད་ནི་ལོ་ཟླ་དང་རེ་སྒུག་ལ་སྙེག་ནས་ཁུ་སིམ་པའི་མཆོང་ལྡིང་དེ་མཐོང་ལ་ཉེ། མ་གཞི་ཐོབ་ཤོར་ནི་འུ་ཐུག་པའི་རྨི་ལམ་ཞིག་སྟེ། འཕྲིན་ཡིག་གི་གྲུ་སྣེར་འགྲེངས་ཏེ་ཁྱོད་ཀྱི་གོམ་སྒྲ་ལ་སྐྱེལ་མ་བྱས། འཇིག་རྟེན་འདིའི་བརྗེད་དཀའ་བའི་ལང་ཚོ་དང་བསྒྲགས་གཏམ་ཡོད་ཚད་བཞུར་ནས་ཚར་ཡང་། རྙིང་རྒྱུ་མེད་པའི་གཏམ་རྒྱུད་ཁྱོད་ཀྱི་མིག་མདུན་དུ་རྩེན་ཞིང་སྙིང་ཁོང་དུ་འབར་བས་ཆོག

     ཆར་རྒྱུན་གྱི་སྒྲིབ་ཡོལ་སེམས་ཀྱིས་གཅོད་བཞིན་གདུང་སེམས་ཀྱི་སྐྱེད་ཚལ་དལ་བུར་གཡོ། མཛེས་སྡུག་གི་ཡི་གར་སྟུག་པོ་སེམས་ཉིད་ལྕི་བའི་ལམ་དུ་འཆར། རྒྱང་བཞུད་ཀྱི་རྣམ་ཤེས་སྤོབས་པས་ཡལ་ཡང་། གཤོག་པའི་མངའ་ཐང་བདག་གི་རྒྱུ་རྐྱེན་དུ་འགྱུར་བར་འདོད།

འཇིག་རྟེན་འདི་ཡི་ངང་སྒུག་མཐའ་དག་མི་ཚེའི་ཕྱོགས་སྟོན་དང་དྲན་གདུང་གི་མཆོད་པར་བཤམས་ན། དུམ་བུར་དུམ་བུར་གས་པའི་རྩིག་ལྡེབས་དེ། ཁྱོད་ཀྱི་དྲན་རྟེན་གྱི་ལྗོན་དབང་ཡིན་ནམ་སྙམ། རེ་སྒུག་གི་སྨིག་རྒྱུ་ཟམ་ཟིམ་ཡང་ཞིང་གཡོ་བ་ནི་འཕྲུལ་སྣང་གི་མཛེས་པ་རེད་དམ། ང་ཁྱོད་ཀྱི་ཉི་གདུགས་ཀྱི་མིག་ཀོང་དུ་ལུས་ཤིང་། རྫི་བག་དང་ཁེར་རྐྱང་གི་ལྗོན་ཤིང་འོག་གི་དྭངས་གསལ་གྱི་ཆ་ཤས་རེར་འགྱུར་བར་བརྩོན།

    དྲན་པ་ལྦལ་ལྦལ་འཕྱོ་བའི་སེམས་པ་ཆུང་ཆུང་ལ་མེ་ཏོག་གི་དྲི་བསུང་འཐུལ་བཞིན་ཕྱིར་མིག་གི་སྙིང་ཁུང་དུ་བཞུར་བྱུང་། ལག་ཟུང་སྲིང་ཐབས་བྲལ་བའི་ཁྱོད་ཀྱི་ཡིད་འོང་གི་སྐྱེད་ཚལ། མེ་ཏོག་གི་རྒྱ་སྲང་། ཆར་རླུང་གི་མཆུ་སྒྲོས། བབ་ཆགས་ཀྱི་ཨུ་ཚུགས་སེམས་སུ་བཅངས་ན། གནས་དེ་རུ། བརྩེ་བརྗོད་མེ་ཏོག་གི་རྒྱང་རིང་དང་། ངང་སྒུག་གི་དྲན་སྣང་ཕྲ་མོ་ཙམ་ཡང་ཡོད་དམ་ཅི།

     ཁེར་རྐྱང་ནི་ཕུན་ཚོགས་ཀྱི་མལ་གཞི་བཞིན། འཁྱག་སོབ་ཀྱི་མཚན་ངོགས་མཛེས་སྡུག་གི་སྙེག་བྱར་གྱུར། སྟོན་མཇུག་གི་སེམས་གཞོངས་སུ་གཏམ་རྒྱུད་ཀྱི་སྐར་འོད་འཕྲོ་སྟེ། ཆར་བ་ཟམ་ཟིམ་དུ་བབས་ན། བརྩེ་དུང་དང་ནོར་འཁྲུལ་གྱི་ཉམས་དམས་ཡོད་ཚད་རྒྱུན་རིང་བའི་ང་རྒྱལ་དུ་རློམ་ཆོག་པ་ལས། ནམ་ཡང་། ཁྱོད་ཀྱི་ལོག་ཕེབས་ལ་ཁེངས་སེམས་སྐྱེས་མ་མྱོང་། ཐུག་འཕྲད་ཀྱི་ལམ་བུ་དེ་ནས་དལ་བུར་འཕྲད་པ་དེ། བརྩེ་བའི་རྒྱ་མཚོའི་གཏིང་ནས་རྙེད་པའམ། ཡང་ན། ཡིད་འོང་གི་ཐུགས་འཕྲད་ལྟར། ཁྱོད་ཉིད་སྔར་བཞིན་ཁུ་སིམ་མེའི་ངང་རྒྱང་རིང་སེམས་ཀྱི་མོང་གོལ་རྩྭ་ཐང་གི་བཞུར་རྒྱུན་ལ་འདྲེས། མེ་ཏོག་གི་སྐྱེལ་ཆང་སེམས་ཀྱི་གཏིང་སར་འཛུལ་ཏེ། ཕ་མཐར་བགྲོད་པའི་མི་ཚོགས་ཀྱི་འཚང་ཁ་དེ་རྒྱབ་གཟུགས་ཡལ་བའི་རྒྱུ་རྐྱེན་དུ་གྱུར།

     ང་རྒྱལ་དང་རྨི་ལམ་ཁུར་ཞིང་རེ་སྨོན་གྱི་སྐྱེལ་ཆང་ནི་འཚོ་བའི་ཀློང་དུ་ཡལ། གཏམ་རྒྱུད་ཀྱི་ཆུ་འཛིན་བརྩེ་བའི་དབྱིངས་སུ་གཏོར་ཏེ། ཡིད་སེམས་ཀྱི་རྫིང་ངོགས་དེ་རུ་འདྲིས་ཡོད་ཀྱི་སྙིང་གཏམ་བརྐུས་ནས་བརྩེ་བརྗོད་ལུང་པའི་མདོ་རུ་འགྲེངས་ཏེ། དང་ལེན་གྱི་གབ་ཚིག་ཐོག་མ་སྦས།

བསིལ་འཇམ་གྱི་ལག་འཇུ་དྲི་བཞོན་གྱི་རེ་སྙེག་ལྟར། བརྩེ་དུང་གི་ཕུན་ཚོགས་ཁྱེར་ནས་ལང་ཚོ་དང་། རྨི་ལམ་གྱི་རེ་སྒུག་མཐའ་དག་བརྩེ་བརྗོད་ལུང་པའི་མཆོད་པར་བཤམས།

     མཇལ་འཛོམས་ཀྱི་བདུད་རྩི་འཇིག་རྟེན་འདུས་པའི་དན་རྟགས་སམ། ཉམས་མེད་སྤོབས་པའི་མཛའ་གཅུགས་ཕྱེ་ལེབ་དེ་ཡང་། རྣང་ཞིང་གྲུ་བཞི་ན་ལྡེམ་གྱིན། གློག་འོད་ཁྲ་ལམ་མེར་འཛུམ་པའི་བརྩེ་བརྗོད་ལུང་པའི་ནམ་མཁར་མཛེས་སྡུག་གི་གདུ་བུ་གཉིས་དམ་པོར་སྦྲེལ། མཚམས་སྤྲིན་ལང་ལོང་དུ་གཡོས་ཤིང་། ཕན་ཚུན་གྱི་མིག་ཟུང་ལས་བརྩེ་དུང་གི་པ་ཏྲ་དེ་འདེགས་འཇོག་བསྒྱུར་བར་བརྩོན།

     བརྩེ་བའི་འོད་ཞགས་དང་འགྲོགས་པའི་རང་དབང་གི་གཤོག་པ་ཆ་གཉིས། ཐོགས་རེག་བྲལ་བའི་གངས་ལྗོངས་དང་རྩྭ་ཐང་གི་བར་ཐག་རེ་ནས་གསེར་མདོག་གི་ལེ་ཚན་བྲིས། མདུན་ནས་མདུན་དུ་བཞུར་བའི་འགལ་འདུའི་འགྱུ་བག་རྒྱ་མཚོར་འདྲེས་ཏེ།མཐོང་ལམ་དུ་བཞད་པའི་བརྩེ་བརྗོད་མེ་ཏོག་གི་ཟེའུ་འབྲུ་དང་ལོ་འདབ། ཡིད་འོང་གི་ལང་ཚོར་བསུང་ཞིམ་འཁྱིལ། བདུད་རྩིར་བསྟིམས་པའི་རྣམ་དག་གི་གཟུགས་སུ། གཏམ་རྒྱུད་ཀྱི་སྐར་མ་རབ་རིབ་འཆར་ཞིང་། བརྩེ་བའི་རྨུ་ཐག་གི་སྐེ་རྒྱན་ཡི་གར་འོང་།

     ཐེ་ཚོམ་དང་མུན་པ་བརྟོལ་ཏེ། བརྩེ་དུང་གི་སྙིང་ཁ་རེ་རེ་ནས། ཁྱོད་རང་ཁོ་ན་ཐོན། གཏམ་རྒྱུད་ཀྱི་སྐར་མ་རབ་རིབ་རྩི་བཞིན། རྨི་ལམ་དང་། ནར་སོན་གྱི་མཛེས་སྡུག་གང་རུང་གླེང་། བརྩེ་བརྗོད་ལུང་པའི་མེ་ཏོག་གི་ཟེའུ་འབྲུ་ལེན་དུ་སོང་།

    མདུན་སྐྱོད་ཀྱི་ལག་ཟུང་མཉེན་མོ་སེམས་ཀྱི་འགྱུར་ཁུགས་ལྟར། བརྩེ་བའི་འདུ་བྱེད་ཀྱི་ངོས་སུ་བབས་པའི་དྲན་འཛིན་གྱི་ཚིག་འབྲུ་རེ་རེ་ཡིད་འོང་གི་ལོག་མལ་དུ་གྱུར། གཏམ་རྒྱུད་གྱི་ཁ་བ་ཐར་ཐོར་བབས་ཅིང་། དུངས་སེམས་ཀྱི་སྐར་འོད་མེ་རུ་གྱུར།

     གཏམ་རྒྱུད་ཀྱི་ཤྭ་འོད་ནི་སེམས་དང་སེམས་པ་སྦྲེལ་བྱེད་ཀྱི་རང་དབང་གི་མཛེས་རྟོག་སྟེ། རང་རང་གི་རྐང་རྗེས་བཀོད་སའི་རྨི་ལམ་ལ་ཁ་དོག་སྣ་ལྔའི་རོལ་དབྱངས་སྩོལ་བཞིན། མུན་སྟུག་གིས་བཀབ་པའི་བརྩེ་བརྗོད་ལུང་པར་འཇའ་འོད་ཡང་ཡང་འཆར།

      ཁྱོད་ཀྱིས་འོད་ལམ་ལམ་ངང་བདག་ལ་ལག་པ་སྲིང་ཚུལ་ནི་སྙིང་ཆུང་ལ་བརྒྱུས་སྟངས་ཤིག ཡིད་འོང་གི་གྱེས་བྲལ་གྱི་རྡོག་ཐོན་ཞིག ཁྱོད་རང་རྒྱང་རིང་མོང་གོལ་རྩྭ་ཐང་དུ་མཛེས་སྡུག་གིས་བཞུར་ཏེ། ཚེ་སྲོག་ལ་བཀྲག་མདངས་སྣོན་བཞིན། སློབ་ལོ་བཞི་ཡི་འཚོ་བར་མཛེས་སྡུག་སྤྲས། ང་ཚོས་མཉམ་དུ་འཁྲེང་ཞེན་གྱི་བྱིས་སྒྲུང་བཀླགས་ཏེ་ན་གཞོན་པའི་དྲན་འཛིན་གྱི་ཡུལ་དུ་གྱུར་ཡོད།

      དུས་དེར། ནང་སེམས་སུ་འབར་བའི་མཚམས་སྤྲིན་ནི་ལོ་ཟླའི་འཁྱུར་མིད་བཏང་ནས། གྱེས་ཁའི་གོམ་པ་ལྗིད་ཏིག་ཏིག་ཏུ་སྣང་ཞིང་། ཡིད་འོང་གི་གཏམ་རྒྱུད་འདི་རྫོགས་ཚེ། ནམ་ཞིག་ལ་འཕྲད་མིན་ཁ་ཚོན་གཅོད་དཀའ་ནའང་། ཕན་ཚུན་དམ་པོར་སྦྲེལ་བའི་ལག་ཟུང་འདི་གཉིས་གངས་ལྗོངས་ལུང་པ་དང་མོང་གོལ་རྩྭ་ཐང་དུ་གློད་དགོས་བྱུང་།


  • ལེ་ཚན་སྔོན་མ།:ན་གཞོན་ཕལ་བ་ཞིག་གི་སེམས་འཕྲིན།
  • ལེ་ཚན་རྗེས་མ།:གྲུབ་གཟུགས་ཁྲོད་ཀྱི་མི་ཚེ་ཞེས་པ་བཀླགས་པའི་འཆར་སྣང་།