ཚེ་འདིར་ཕུགས་འདུན་མངོན་འགྱུར་ཤོག

འབྲོག་སྨྱུག་གྲོལ།        2020-09-30

མི་ཁ་བཙན་པོའི་ཙག་རླུང་ཁྲོད་དང་།

འཇིག་རྟེན་གྱི་འདུ་འཛིའི་རབ་ཁ་ནས།

ཁྱོད་ཉིད་ལ་འོད་ཀྱི་མར་མེ་ཞིག་འཚེར་ན་ཡང་།

དུས་ནམ་ཞིག་གི་རླུང་ཁ་ནས།

གཤེད་མ་རྒོད་པོས་རྡུལ་དུ་གཏོང་ངེས།

མི་ཚེ་འདིར་འཆལ་གཏམ་ག་འདྲ་ཐོས་ན་ཆོག

མུན་ནག་གི་མཚན་ལྗོངས་རིང་མོའི་སྟུག་རོལ་ནས།

ཁྱོད་ཉིད་ཀྱིས་མུན་སེལ་སྒྲོན་མེ་ཞིག་བསྒྲོན་འདོད་ཚེ།

ཡལ་འདབ་མི་མཛེས་པའི་ལྗོན་པ་ཞིག་ལ་

འཕྲེང་ནས།

གསེར་མདོག་གི་ལོ་མ་ཞིག་ཨེ་འབྱུང་ལ་རེ་ལྟོས་

མ་བྱེད།

འདི་ནི་མར་མེའི་འོད་ལ་འཐབ་པའི་ཕྱེ་ལེབ་ལས་

མ་འདས།

མི་ཚེ་རིང་ཐུང་གང་ཡིན་ལ་ཁ་ཡ་མ་བྱེད།

མི་རྟག་པ་ལ་མཁྱེན་རྟོགས་ཞིབ་ཕྲ་སུ་ལ་

ཡང་མེད།

མདུན་ལམ་ཀྱག་ཀྱོག་ཅི་ཡིན་ལ་དོ་སྣང་མ་གནང་།

ཁ་གཡར་ས་ཙམ་ཡིན་པ་ལས་བགྲོད་བཀའ་

བའི་བར་དོ་ཞིག་མིན།

རྙེད་བཀའ་བའི་དལ་འབྱོར་གྱི་མི་ལུས་ཐོབ་པ་ནས།

ཁྱོད་ལ་རྟག་ཏུ་འབྲལ་བ་མེད་པའི་བསམ་གཞིག་གི་

པ་ཏྲ་དགོས།

བསམ་པའི་རི་མོའི་ནང་ལ།

འདོད་པའི་ཐིག་ལེ་ཞིག་ཕབ་དགོས།

དེ་ནི་ཚེ་འདིའི་འོས་འགན་ཉག་ཅིག་ཡིན།

འོས་འགན་ལ་ཧུར་ཐག་གཙང་མ་ཞིག་ཅིས་

ཀྱང་མཁོ།

འོས་འགན་ནི་ཚེ་འདིའི་ཕུགས་འདུན་ཡིན།

ལྗིད་རྒྱུ་མེད་ལ་ཡང་རྒྱུའང་མེད།

སྲ་རྒྱུ་མེད་ལ་སྙི་རྒྱུའང་མེད།

ལྗིད་པོའམ་སྲ་མོ་བྲག་འདྲ་ཡིན་ན་ཡང་།

བརྩོན་འགྲུས་ཀྱི་ཆུ་ཐིགས་ལ་ཡལ་བ་མེད་ན།

དུས་ནམ་ཞིག་གི་ཚེའམ་ཉིན་མོ་ལ།

སྲ་མཁྲེགས་ཀྱི་བྲག་རྡོ་ཕུག་ནུས།

ཡང་མོའམ་སྙི་མོ་གཤེར་ཁུ་འདྲ་ཡིན་ན་ཡང་།

རྙིང་རལ་དུ་གྱུར་བའི་སྒྱེ་མོ་ཞིག་མིན་ན།

དུས་ནམ་ཞིག་གི་ཚེའམ་ཉིན་མོ་ལ།

ཆུ་ཐིགས་ཟེགས་པས་སྒྱེ་མོ་དགང་ནུས།

ཚེ་འདིར་ཕུགས་འདུན་མངོན་འགྱུར་བྱུང་བ་ནས།

ད་གཟོད་ཁྱོད་ཉིད་རང་ཉིད་ལས་རྒྱལ་བ་ཡིན་ནོ།།


  • ལེ་ཚན་སྔོན་མ།:ང་ཡི་ནམ་མཁའ་སྐྱོ་སྐྱོའི་ཡོལ་བས་སྒྲིབ།
  • ལེ་ཚན་རྗེས་མ།:ཚིག་ལ་བརྒྱུས་པའི་མིག་ཆུ།