དབུལ་ཕོངས་དུད་ཚང་གི་ཕྲུ་གུ་ཁ་ཤོ85ཡི་གདོང་ལ་འཛུམ་མདངས་ཁེངས།

པད་མ་སངས་རྒྱས་ཀྱིས་བསྒྱུར།        2017-10-10

    ཉེ་ཆར། སི་ཁྲོན་ཞིང་ཆེན་འཆར་ལྡན་བུ་བཙའི་མཐུན་ཚོགས་དང་། དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས། ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། ཁུལ་མི་དམངས་སྨན་ཁང་དང་འཆར་ལྡན་བུ་བཙའི་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་བུ་བཙའི་ལས་ཀར་དོ་ཁུར་བྱེད་པའི་སྤྱི་ཕན་བྱེད་སྒོ་དེ་ཁུལ་མི་དམངས་སྨན་ཁང་དུ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་རིན་པ་མི་དགོས་པར་དཀར་མཛེས་བོད་ཁུལ་གྱི་དབུལ་ཕོངས་དུད་ཚང་གི་ཕྲུ་གུ་ཁ་ཤོ104ལ་གཤགས་བཅོས་སྔོན་དུ་ཞིབ་བཤེར་བྱས་པ་དང་། ཕྲུ་གུ85ལ་ཕུང་གྲུབ་ཉམས་གསོའི་གཤགས་བཅོས་དང་འབྲེལ་ཡོད་སྨན་བཅོས་བྱས་པ་རེད།

    ཐེངས་འདིའི་བྱེད་སྒོ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱ་ཆེད། ཁུལ་སྨན་ཁང་གི་ནད་གཡོག་ཚན་ཁག་གིས་མཐོང་ཆེན་བྱས་ནས་ཞིབ་མོའི་བློ་ཡིས་བཀོད་སྒྲིག་བྱས་པ་དང་། སྨན་ཁང་གི་སྡེ་ཚན་ཁག་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་གཤགས་བཅོས་མ་བྱེད་སྔོན་གྱི་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབས་པ་དང་། ཚན་ཁག་གིས་བཏོན་པའི་གནད་དོན་དང་དཀའ་ངལ་སྣ་ཚོགས་ལ་མཐུན་སྦྱོར་དང་ཐག་གཅོད་ཡག་པོ་བྱས་པར་མ་ཟད། འབྲེལ་ཡོད་ལས་ཀའི་བརྒྱུད་རིམ་དང་ལས་ཀའི་སྔོན་བཀོད་འཆར་གཞི་གཏན་འབེབས་བྱས་པ་རེད། ཞིབ་བཤེར་དང་གཤགས་བཅོས་བྱེད་པའི་སྐབས་སུ་ནད་གཡོག་ཚན་ཁག་གིས་སྨན་ཁང་དེའི་ཚན་ཁག་སོ་སོ་ནས་རྒྱ་བོད་སྐད་གཉིས་ཤེས་མཁན་གྱི་ནད་གཡོག་དང་་དངོས་སྦྱོང་སློབ་མ། སྨན་བཅོས་སྣེ་ཤན་པ་བཅས་མི་གྲངས43ལས་གྲུབ་པའི་དང་བླངས་པའི་ཞབས་ཕྱིའི་ཚོ་ཆུང་གིས་ཞིབ་བཤེར་བྱེད་སར་འོངས་པའི་ནད་པ་ཕྲུ་གུ་དག་ལ་ཨང་ཀི་བསྒྲིག་རྒྱུ་དང་ཚོ་ཁག་བགོས་ནས་སྣེ་ཁྲིད་བྱ་རྒྱུ། སྨན་ཁང་དུ་སྡོད་པའི་འགྲོ་ལུགས་བསྒྲུབ་རྒྱུ། སྐད་བསྒྱུར་བྱ་རྒྱུ་སོགས་ཀྱི་ལས་ཀ་ཡག་པོ་བསྒྲུབས་པ་རེད། བདག་སྐྱོང་ཉེན་མེད་བདེ་འཇགས་ཡོང་བ་ཁག་ཐེག་བྱ་ཆེད། ནད་པའི་ཉལ་ཁྲི་ཚབས་ཆེན་མི་འདང་བ་དང་ནད་གཡོག་མི་འདང་བའི་གནས་ཚུལ་འོག་ནད་གཡོག་མི་སྣས་ཚན་ཁག་དང་ནད་གཡོག་ཚན་ཁག་གི་བཀོད་སྒྲིག་ལྟར། མ་སྐུལ་དང་བླངས་ཀྱིས་ཐེབས་རྩ་ལྷན་ཚོགས་ཀྱི་དགེ་རྒན་དང་ཕྲུ་གུའི་ཁྱིམ་བདག་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་། གཤགས་བཅོས་མ་བྱེད་སྔོན་གྱི་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབས་པ་རེད། སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་འོས་འཚམས་བྱས་པ་བརྒྱུད་ལེགས་འགྲུབ་ངང་ཕྲུ་གུ་ཁ་ཤོ་ཚོ་སྨན་ཁང་དུ་སྡོད་སྐབས་ཀྱི་བདག་སྐྱོང་ལས་འགན་སྣ་ཚོགས་བསྒྲུབས་པ་རེད། སྤུས་ལེགས་ཀྱི་ཞབས་ཞུ་ལ་ཁྱིམ་བདག་གི་གདེང་འཇོག་ཡག་པོ་ཐོབ་པར་མ་ཟད་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྱང་ཁས་ལེན་གང་ལེགས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གི་སྤྱི་བདེ་ཉེན་རྟོག་པ་ཝང་ཀྲི་ཀང་གཞུང་དོན་དུ་སྐུ་གཤེགས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད།
  • དོ་སྣང་ཆེ་བའི་རྩོམ།