ལུས་ལ་དམག་གོས་གྱོན་ནས་ལང་ཚོ་ཆུད་ཟོས་སུ་མི་གཏོང་།

ཡེ་ཤེས་མགོན་པོས་བསྒྱུར།        2020-09-28

རང་ཁུལ་གྱི་ས་གནས་སོ་སོའི་དམག་སྐུལ་དང་བླངས་ཀྱིས་དམག་ནང་དུ་ཞུགས་པའི་གཞོན་ནུ་ཚོ་དམག་སྒར་དུ་བསྐྱོད།

ལུས་ལ་དམག་གོས་གྱོན་ནས་ལང་ཚོ་ཆུད་ཟོས་སུ་མི་གཏོང་།

དཀར་མཛེས་རྫོང་།

སྤྱི་ཟླ9པའི་ཚེས15ཉིན། དཀར་མཛེས་རྫོང་གིས་རྫོང་མི་དམངས་དྲག་ཆས་པུའུ་ཡི་ནང2020ལོར་དམག་མི་གསར་པ་དམག་ནང་དུ་ཞུགས་པར་འགྲོ་སྐྱེལ་ཞུ་བའི་མཛད་སྒོ་སྤེལ་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སེམས་པ་སྐྱེད་ཅིང་། ནུས་ཤུགས་གང་ཡོད་རྒྱལ་སྲུང་ལ་འབུལ་མཁན་གྱི་ཕུལ་བྱུང་གཞོན་ནུ་ཚོ་དམག་སྐུལ་དང་བླངས་ཀྱིས་དམག་ནང་དུ་ཞུགས་པར་འགྲོ་སྐྱེལ་ཞུས་པ་རེད།

དཀར་མཛེས་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་མི་སྣས་དམག་མི་གསར་པ་ཚོར་སློབ་གཉེར་བརྒྱུད་རིམ་གྱི་བྱ་དགའི་དངུལ་དང་འཚམས་འདྲིའི་དངུལ་སྟེར་བ་དང་ཆབས་ཅིག དམག་མི་གསར་པའི་ཁྱིམ་བདག་ལ"གཟི་བརྗིད་ཀྱི་དམག་མིའི་ནང་མི""གཟི་བརྗིད་ཀྱི་ཁྱིམ་གཞིས"ཀྱི་སྒོ་བྱང་སྤྲད་པར་མ་ཟད། དམག་མི་གསར་པ་ཚང་མས་དམག་དཔུང་ནང་རང་ལ་རེ་འདུན་ནན་པོ་འཆང་བ་དང་སྙིང་རུས་བསྒྲིམས་ནས་སློབ་སྦྱོང་དང་སྦྱོང་བརྡར་བྱས་ཏེ་བློ་ཕུག་སྲ་བརྟན་ཆགས་པ་བྱས་པར་བརྟེན། ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་འཇོན་ནུས་ཇེ་དྲག་ཏུ་བཏང་ནས་རང་ཉིད་འདི་ཆབ་སྲིད་ཐོག་ཚད་དང་མཐུན་པ།དམག་དོན་ཐད་ཉམས་སད་ཐེག་ཐུབ་པ།སྒྲིག་ལམ་ཐད་ནན་སྲུང་བྱེད་ཐུབ་པ། སྤྱོད་ཚུལ་ཐད་ཕུལ་དུ་བྱུང་བའི་དུས་རབས་གསར་པའི་དམག་མི་ཚད་མཐུན་ཞིག་བྱེད་གང་ཐུབ་བྱ་དགོས་ཞེས་རེ་འདུན་བཏོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དམག་བསྡུའི་ལས་དོན་སྤེལ་བ་ནས་བཟུང་།དཀར་མཛེས་རྫོང་གིས་བྱེད་ཐབས་ནུས་ལྡན་བླངས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་མཐར། རྒྱ་ཆེའི་ལོ་ཚད་ལོངས་པའི་གཞོན་ནུ་ཚོས་གཅིག་རྗེས་གཉིས་མཐུད་དུ་མིང་ཐོ་འགོད་སར་ཡོང་བ་རེད། ལུས་པོ་ཞིབ་བཤེར་དང་ཆབ་སྲིད་དཔྱད་བསྡུར་བྱས་ནས་རྫོང་དམག་བསྡུ་མགོ་ཁྲིད་ཚོགས་ཆུང་གིས་ཆོག་མཆན་གནང་བར་བརྒྱུད། མཐར་གཏུག་སློབ་ཆེན་སློབ་མ6དང་དམའ་འབྲིང་སློབ་མ3འདུས་པའི་གཞོན་ནུ9དམག་སྐུལ་དང་བླངས་ཀྱིས་དམག་ནང་དུ་ཞུགས་ཡོད་པ་རེད།

བྲག་མགོ་རྫོང་།

སྤྱི་ཟླ9པའི་ཚེས13ཉིན་གྱི་སྔ་དྲོར། བྲག་མགོ་རྫོང་གིས2020ལོའི་དམག་མི་གསར་པ་འགྲོ་སྐྱེལ་ཞུ་བའི་མཛད་སྒོ་སྤེལ་བ་རེད།

འགྲོ་སྐྱེལ་ཞུ་བའི་མཛད་སྒོའི་ཐོག རྫོང་དེའི་མི་དམངས་དྲག་ཆས་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བྲག་མགོ་རྫོང་གིས2020ལོར་དམག་ནང་དུ་ཞུགས་རྒྱུའི་ཆོག་མཆན་གནང་བའི་མི7གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། རྫོང་དེའི་དམག་བསྡུ་མགོ་ཁྲིད་ཚོགས་ཆུང་དང་ཁོངས་མི་ལས་ཁུངས་ཀྱི་འགན་ཁུར་མི་སྣས་དམག་མི་གསར་པ་ཚོར་ཁ་བཏགས་ཕུལ་བ་དང་དམག་ནང་དུ་ཞུགས་པའི་དྲན་རྟེན་དངོས་པོ་བྱིན་པ་རེད། དམག་མི་གསར་པའི་འཐུས་ཚབ་བསོད་ནམས་རྡོ་རྗེས་དམག་མི་གསར་པ་ཚང་མའི་ཚབ་བྱས་ནས་གཏམ་བཤད་བྱས་པ་རེད།

རྫོང་དེའི་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་འགྲོ་སྐྱེལ་ཞུ་བའི་ཤིས་ཚིག་ཕུལ་བས་མ་ཚད། དམག་མི་གསར་པ་ཚོར་རེ་འདུན་གསུམ་བཏོན་པ་སྟེ། དམག་མི་གསར་པ་ཚོས་ཡིད་ཆེས་བརྟན་པོ་བཅངས་ནས་ཐོག་མཐའ་བར་གསུམ་དུ་སྤྲོ་སེམས་ཁེངས་ཤིང་དཔའ་ངར་ཆེར་སྐྱེད་བྱ་རྒྱུ་དང་གཅིག དམག་མི་གསར་པ་ཚོས་དམག་དཔུང་ནང་སྦྱང་བརྩོན་སྙིང་རུས་དང་འཇོན་ནུས་ཇེ་དྲག་ཏུ་གཏང་རྒྱུ་དང་གཉིས། དམག་མི་གསར་པ་ཚོས་སློབ་སྦྱོང་དང་སྦྱོང་བརྡར། ལས་དོན་ལས་འགན་ནང་དུས་གཏན་དུ་དར་དམར་སྒྲེང་ཞིང་དུས་གཏན་དུ་ཨང་དང་པོར་བརྩོན་ལེན་བྱ་རྒྱུ་དང་གསུམ་བཅས་སོ།

བརྒྱད་ཟིལ་རྫོང་།

སྤྱི་ཟླ9པའི་ཚེས15ཉིན། བརྒྱད་ཟིལ་རྫོང་མི་དམངས་དྲག་ཆས་པུའུ་ཡི་ར་སྐོར་ནང་རྔ་དང་མཁར་རྔའི་སྒྲས་གང་བཞིན་འདུག རྫོང་དེའི་དམག་མི་གསར་པ35ཡིས་བྲང་ཁར་མེ་ཏོག་དམར་པོ་བཏགས་ནས་མེས་རྒྱལ་གྱི་ས་གནས་སོ་སོར་ཕྱིན་ནས་རང་ཉིད་ཀྱི་དམག་དཔུང་དོན་གཉེར་བྱེད་མགོ་ཚུགས་པ་རེད།

དམག་ནང་དུ་ཞུགས་རྒྱུའི་དང་ཐོག་གིི་བསམ་འདུན་སྐོར་གླེང་དུས། དབྱིས་རིགས་ཀྱི་དམག་མི་གསར་པ་པཱ་ཆིང་ཁེ་ཡིས་ང་ལ་ཆུང་དུས་ནས་ཕུགས་འདུན་ཞིག་ཡོད། ཉིན་ཞིག་ལ་རྒྱལ་ཁབ་ཀྱི་དོན་དུ་གཟི་བརྗིད་བརྩོན་ལེན་བྱ་རྒྱུའི་རེ་འདུན་བཅང་པ་འདི་རེད་ཅེས་བཤད་པ་རེད། ཐང་མགོ་གྲོང་རྡལ་ནས་འོངས་པའི་བོད་རིགས་དམག་མི་གསར་པ་བཀྲ་ཤིས་ཚེ་རིང་གིས་དམག་ནང་དུ་ཞུགས་པ་ནི་གཟི་བརྗིད་ལྡན་པའི་དོན་ཞིག་རེད། རང་ཉིད་ཀྱིས་དམག་དཔུང་ནང་མི་ཚེ་སྦྱོང་བརྡར་བྱེད་པ་དང་རྒྱལ་ཁབ་ཀྱི་དོན་དུ་མཐའ་མཚམས་སྲུང་སྟེ་ལང་ཚོ་དམག་སྒར་དུ་འཚར་ལོངས་འབྱུང་དུ་འཇུག་རྒྱུའི་བསམ་འདུན་འཆང་བཞིན་ཡོད་ཅེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་བརྒྱད་ཟིལ་རྫོང་གིས་དམག་བསྡུའི་ལས་འགན35གྲུབ་པའི་ནང་ནས་དམག་མི་གསར་པ32ཆེད་སྦྱོང་སློབ་ཆེན་ཡན་ཆད་ཀྱི་ཡོན་ཚད་ཡོད་པར་བརྟེན། སློབ་གྲྭ་ཆེན་པོའི་སློབ་མ་དམག་ནང་དུ་ཞུགས་པའི་བསྡུར་ཚད་ལོ་རེ་བཞིན་འཕར་སྣོན་བྱུང་བ་རེད།

དཔལ་ཡུལ་རྫོང་།

ཉེ་ཆར། དཔལ་ཡུལ་རྫོང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དོན་གཅོད་ཅུས་ཀྱིས2020ལོར་དམག་སྐུལ་དང་བླང་གིས་དམག་ནང་ཞུགས་པའི་དམག་མི་གསར་པར་འགྲོ་སྐྱེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

དམག་མི་གསར་པ6གིས་དམག་གོས་གསར་པ་གྱོན་ཞིང་བྲང་ཁར་མེ་ཏོག་དམར་མོ་བཏགས་ནས་སྙིང་སྟོབས་ཆེ་སྐྱེད་རེད། དམག་མི་གསར་པའི་འཐུས་ཚབ་ཀྲང་ཀྲུའོ་ཞིན་གྱིས་སེམས་འགུལ་ཐེབས་པའི་ངང་ནས་བཤད་དོན། དམག་མི་ཞིག་བྱ་རྒྱུའི་རེ་འདུན་མངོན་འགྱུར་བྱུང་སོང་། ངས་ངེས་པར་དུ་གོ་སྐབས་འདི་གཅེས་འཛིན་བྱས་ཏེ་དམག་ནང་དུ་ཞུགས་པའི་དམ་བཅའ་སེམས་ལ་བརྟན་པོར་ངེས་ཤིང་། དམག་དཔུང་ནང་དུ་སླེབས་རྗེས་སྙིང་རུས་བསྒྲིམས་ནས་སྦྱོང་བརྡར་བྱ་རྒྱུ་དང་སློབ་སྦྱོང་ལ་འབད་བརྩོན། རྩ་འཛུགས་ལ་དང་ལེན།མགོ་ཁྲིད་ལ་བརྩི་བཀུར། བློ་མཐུན་བར་མཐུན་སྒྲིལ་བྱེད་པ་དང་དུས་མཚུངས་སུ། དཀའ་སྡུག་སྔོན་མྱོང་དང་འབུལ་འདོད་ཡོད་པའི་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་བཏང་ནས་རང་ཉིད་སྤྱིར་བཏང་གི་གཞོན་ནུ་ནས་ཚད་མཐུན་གྱི་ཕུལ་བྱུང་དམག་མི་ཞིག་ཏུ་མགྱོགས་མྱུར་ངང་འཚར་ལོངས་འབྱུང་རྒྱུ་དང་མེས་རྒྱལ་དང་མི་དམངས་ཀྱིས་བཅངས་པའི་རེ་བ་སྟོང་ཟད་དུ་མི་གཏོང་ཞེས་བཤད།

བཞུགས་མོལ་ཚོགས་འདུའི་ཐོག རྫོང་དེའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དོན་གཅོད་ཅུས་ཀྱི་འགན་ཁུར་མི་སྣས་དམག་མི་གསར་པའི་ཁྱིམ་མི་རང་ཉིད་ཀྱི་བདེ་རྩར་ཐུག་པའི་གཟིགས་སྐྱོང་མ་དངུལ་དང་ལས་ལམ་གསར་གཏོད་ཀྱི་སྲིད་ཇུས། དམག་ཁོངས་ནས་ཕྱིར་ལོག་རྗེས་ལས་དོན་བཀོད་སྒྲིག་བྱེད་སྟངས། གཟིགས་སྐྱོང་མ་དངུལ་སོགས་ཀྱི་སྲིད་ཇུས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དོན་གཅོད་ཅུས་ཀྱིས་དམག་མི་གསར་པ6ལ་འཚམས་འདྲིའི་དངུལ་སྟེར་བ་རེད།

  • ལེ་ཚན་སྔོན་མ།:རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཆེན་པོ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཆེན་པོ་བཏང་།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གི་འཇའ་བ་གྲོང་རྡལ་དུ་འཕྲུལ་འཁོར་གྱིས་ནས་བརྔས་ཏེ་ཞིང་པ་རྣམས་ཞིང་ནང་ནས་བཅིངས་འགྲོལ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།