ཕྱག་སོར་བདེ་མོའི་སྒྱུ་རྩལ།

ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།        2020-09-27

ཕྱག་སོར་བདེ་མོའི་སྒྱུ་རྩལ།

དར་མདོ་གྲོང་ཁྱེར་གྱི་གྲུབ་མཐའ་ཁག་གི་མར་རྒྱན་མཆོད་པ་འགྲན་སྡུར་སྐབས་དང་པོའི་ཟུར་བྲིས།

ཕྱག་སོར་བདེ་མོའི་སྒྱུ་རྩལ།

     དེ་ཡང་མར་རྒྱན་མཆོད་པ་ཟེར་བ་ལོ་སྟོང་ཕྲག་ལྷག་གི་གོང་རོལ་ནས་བོད་རང་ས་རང་ཡུལ་ནས་དར་ཞིང་བོད་མི་རང་ཉིད་ཀྱི་བློ་གྲོས་དང་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བཟོ་རིག་ལག་རྩལ་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། མར་རྒྱན་མཆོད་པ་འདི་ཉིད་བཅའ་བཟོ་བྱེད་པར་གཡང་ཟོག་གིའབྲི་མར་སེར་པོས་རྒྱུ་བྱས་ནས། དེའི་ནང་དུ་ཡུན་རིང་བཞག་ཀྱང་མདོག་མི་ཡལ་བའི་རྡོ་ཚོན་དཀར་སེར་དམར་ལྗང་སོགས་ཚོན་སྣ་ཁ་མང་པོ་བསྲེས་ཤིང་། སོ་སོའི་ལག་རྩལ་ལ་བརྟེན་ནས་བཀྲ་ཤིས་རྟགས་བརྒྱད། རིན་ཆེན་རྫས་བརྒྱད། འདོད་ཡོན་སྣ་ལྔ། མེ་ཏོག་གི་རིགས་མང་པོ་དང་། ལྷ་སྐུ་དང་མི་སྣ། རྩྭ་ཐང་། ནོར་ལུག། ལྗོན་ཤིང་། བྱ་བྱེའུ། རི་བྲག། གཅན་གཟན། ལྡིང་ཁང་། རི་དྭགས་དང་ཡུལ་ལྗོངས་སོགས་ཀྱི་སྣང་བརྙན་བཅའ་བཟོ་བྱས་པའི་མཆོད་པ་ཞིག་ལ་བྱའོ།།

ཕྱག་སོར་བདེ་མོའི་སྒྱུ་རྩལ།

     མར་རྒྱན་མཆོད་པ་འདི་ལ་རྣམ་པ་མང་ཞིང་ནང་དོན་ཡང་རྒྱ་ཆེན་པོ་ལྡན་པ་ཞིག་ཡིན། བོད་དུ་གཡུང་དྲུང་བོན་བསྟན་རིན་པོ་ཆེའི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་པ་ནས་བཟུང་བོན་གྱི་ཆོས་ཕྱོགས་ཀྱི་ཆོ་ག་དག་ལས་དམར་མཆོད་འབུལ་རྒྱུའི་སེམས་ཅན་གྱི་ཚབ་ཏུ་རྩམ་པ་དང་མར་སོགས་ཀྱིས་བཅའ་བའི་སེམས་ཅན་གྱི་གཟུགས་དག་ཕུལ་བས་འཐུས་པར་བྱས་ཡོད་པ་དེར་བརྟགས་ན། བོད་དུ་བཅའ་བཟོའི་ལག་རྩལ་འདི་དག་གཡུང་དྲུང་བོན་བསྟན་དར་བ་བཟུང་དབུ་བརྙེས་ཡོད་པར་ངེས་ལ། རྗེས་སོར་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་རིམ་བཞིན་སྔར་ཡོད་བོན་གྱི་ལག་རྩལ་དག་དང་མཉམ་འདྲེས་ཀྱི་མར་རྒྱན་མཆོད་པ་འདི་ཉིད་དར་རྒྱས་ལྷག་ཏུ་ཕྱིན་ཅིང་མཆོད་ཚོགས་རྒྱ་ཆེར་ཕུལ་བའི་ལམ་སྲོལ་དར་ནས། བོད་ཁམས་སྤྱི་དང་ནང་སྒོས་སུ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག་ཏུ་དར་ཁྱབ་ཆེན་པོ་བྱུང་། བསྟན་པ་ཕྱི་དར་སྐབས་སུ་བོད་དུ་གྲུབ་མཐའ་འདྲ་མིན་གྱི་སྲོལ་དར་བ་ནས་བཟུང་། གྲུབ་མཐའ་སོ་སོའི་ཁྱད་ཆོས་མི་འདྲ་བའི་མར་རྒྱན་མཆོད་པ་དར་རྒྱས་བྱུང་ཞིང་། ཕྱིས་སུ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་ལྷ་སའི་སྨོན་ལམ་ཆེན་མོ་གསར་འཛུགས་གནང་སྐབས། ཞལ་ཟས་རྒྱ་མཚོའི་རྒྱན་ཁ་དོག་སྣ་ལྔ་བསྲེས་པའི་འབྲི་མར་གསར་པས་རྒྱུ་བྱས་ཏེ། མེ་ཏོག་གི་རིགས་མང་པོ་དང་། བཀྲ་ཤིས་རྟགས་བརྒྱད། རིན་ཆེན་རྫས་བརྒྱད། འདོད་ཡོན་སྣ་ལྔ་སོགས་ཀྱི་སྣང་བརྙན་བཟོས་ཏེ་མཆོད་ཚོགས་རྒྱ་ཆེར་ཕུལ་བའི་ལམ་སྲོལ་བཏོད་ཅིང་། རྗེས་སུ་རིམ་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་རྣམ་པ་རྒྱ་ཆེར་བྱུང་བ་དང་དུས་མཚུངས་སུ་ཞལ་ཟས་རྒྱ་མཚོའི་མར་རྒྱན་སྟེང་བཀྲ་ཤིས་རྟགས་བརྒྱད་དང་། མེ་ཏོག་སྣ་ཚོགས་ལས་གཞན་པའི་དབྱངས་ཅན་ལྷ་མོ་དང་། ཛམ་བྷ་ལ། ཚེ་དཔག་མེད། སྒྲོལ་དཀར། སྡོམ་བརྩོན་དམ་པ། གཞལ་ཡས་ཁང་། འདོད་ཡོན་སྣ་ལྔ་སོགས་ཀྱི་སྣང་བརྙན་འབུར་གཟུགས་སུ་བཞེངས་པའི་སྲོལ་དར། རིམ་བཞིན་བོད་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་བསམ་པའི་འདུ་ཤེས་དང་དད་པའི་མཆོད་པ་སོགས་སུ་འོ་ཆུ་གཅིག་ཏུ་འདྲེས་པ་བཞིན་དུ་གྱུར་ཅིང་། ཁམས་ལི་ཐང་ཕྱོགས་ཀྱི་དམངས་གཞས་ཤིག་ཏུའང་། དགུང་ལ་ཨ་སྔོན་མ་བཞེངས་ལྷ་ཁང་རེད།། རྩེ་ལ་ཉི་ཟླ་མ་བཤམས་མཆོད་པ་རེད།། མ་བཤམས་མཆོད་པ་བཤམས་ཚུལ་ཡག་པ་འདིས།། མར་རྒྱན་ཁྲ་མོ་བཏགས་དགའ་བཏགས་སྐྱིད་རེད།། བྲག་མོ་དཀར་ཡག་མ་བཞེངས་ལྷ་ཁང་རེད།། བྱ་ཆེན་རྒོད་ཕྲུག་མ་བཤམས་མཆོད་པ་རེད།། མ་བཤམས་མཆོད་པ་བཤམས་ཚུལ་ཡག་པ་འདིས།། མར་རྒྱན་ཁྲ་མོ་བཏགས་དགའ་བཏགས་སྐྱིད་རེད།། གངས་ཆེན་བཅོ་བརྒྱད་མ་བཞེངས་ལྷ་ཁང་རེད།། སྡེ་གྲོང་དཔོན་པོ་མ་བཤམས་མཆོད་པ་རེད།། མ་བཤམས་མཆོད་པ་བཤམས་ཚུལ་ཡག་པ་འདིས།། མར་རྒྱན་ཁྲ་མོ་བཏགས་དགའ་བཏགས་སྐྱིད་རེད།།ཅེས་མར་རྒྱན་མཆོད་པ་དང་འབྲེལ་བའི་དམངས་ཁྲོད་ཀྱི་གཏམ་དཔེ་དང་གླུ་ཚིག་སོགས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་རེད། འདི་ནི་ཐོག་མར་དགོན་སྡེའི་ཆོས་ཕྱོགས་ཀྱི་ལག་རྩལ་ནས་རིམ་བཞིན་དད་འདུན་གྱི་སེམས་ཁམས་མཚོན་པ་དང་རིམ་པར་མི་དམངས་ཀྱི་འཚོ་བར་ཁྱབ་སྟེ་མི་རྣམས་ཀྱི་གླུ་ངག་གི་དབྱངས་རྟར་བསྡེབས་ནས་སེམས་ཀྱི་དད་འདུན་མཚོན་བྱེད་དུ་གྱུར་པ་ལྟ་བུ་རེད།

ཕྱག་སོར་བདེ་མོའི་སྒྱུ་རྩལ།

     ད་ལོའི་སྤྱི་ཟླ་དགུ་པའི་ཟླ་དཀྱིལ་དུ་ནམ་ཟླ་སྟོན་གྱི་མཁའ་རླུང་བསིལ་མོ་མཐོ་སྒང་གི་རི་ཀླུང་ཀུན་ནས་དལ་གྱིས་ལྡང་ཞིང་། ཁྱད་པར་དུ་ད་ལོར་ཁམས་དར་རྩེ་མདོར་ཆར་ཆུ་ལྷག་ཏུ་མོད་པས་རྩྭ་རྩི་ཏོག་གི་སྐྱེས་སྟོབས་སྔར་ལས་རྒྱས་ཤིང་། སྟོན་འབྲུ་དྲུག་གི་ནོམ་པ་སྔར་ལས་བཟང་། ནམ་ཟླ་སྟོན་མཇུག་གི་རླུང་བུའི་རྒྱུ་བ་དལ་མོར་ས་ཆེན་གྱི་པང་དུ་འཁྱུད་པ་དང་ལྷན་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་བགྲང་བྱ་བདུན་ཅུ་འཁོར་བའི་ཉིན་མོ་དེ་ཚེས་བྱུང་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་དང་གྲོང་ཁྱེར་། དེ་བཞིན་དུ་འབྲེལ་ཡོད་སློབ་གྲྭ་སོགས་ཀྱིས་རང་རང་གི་མེས་པོ་གོང་མ་ནས་བརྒྱུད་པའི་སྲོལ་རྒྱུན་གྱི་གོམས་སྲོལ་བཟང་པོའི་དཔལ་དང་བསྡེབས་ནས་སོ་སོས་དགའ་སྟོན་རྟེན་འབྲེལ་གྱི་རིག་རྩལ་འཁྲབ་སྟོན་གྱི་གྲ་སྒྲིག་འཐུས་ཚང་དུ་བྱས་ཤིང་། ཁམས་ཀྱི་ས་ཆེན་མོའི་མཐིལ་ན་གཞིས་ཆགས་པའི་ཁམས་ཀྱི་མི་བུ་དག་གི་རྣམ་དཔྱོད་དང་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་ཤེས་རབ་ཀྱི་རྩལ་དང་སྒྱུ་རྩལ་གྱི་དྭངས་མ་དག་ཐེངས་འདིའི་དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོ་རུ་རྒྱ་ཆེ་བའི་ལྟད་མོ་བ་དག་ལ་མིག་དབང་གི་དཔལ་དང་སྙན་དབང་གི་གསོས་སུ་ཕུལ་ཡོད་པ་རེད།

ཕྱག་སོར་བདེ་མོའི་སྒྱུ་རྩལ།

ཕྱག་སོར་བདེ་མོའི་སྒྱུ་རྩལ།

ཕྱག་སོར་བདེ་མོའི་སྒྱུ་རྩལ།


     དེ་དག་ལས་ཆེས་བརྗོད་རིན་དུ་མཆིས་པ་ཞིག་ནི། དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་གྲོང་ཁྱེར་ཡོངས་ཀྱི་ས་དགེ་བཀའ་རྙིང་། གཡུང་དྲུང་བོན་དང་བཅས་པའི་གྲུབ་མཐའ་ཆེན་མོ་ལྔ་ཡི་དགོན་པ་སུམ་ཅུ་དང་བཤད་གྲྭ་གཅིག་བཅས་ཀྱིས་གྲུབ་པའི༼ སྲོལ་རྒྱུན་ལག་རྩལ་སུ་མཁས་འགྲན།། མར་རྒྱན་མཆོད་པས་ཁུལ་སྟོན་བསུ།།༽ ཞེས་པའི་དགོན་པ་དང་བཤད་གྲྭ་རང་རང་གི་ཁྱད་ཆོས་མ་ཉམས་གཞིར་བཞག་གི་སྟེང་ནས་གྲོང་ཁྱེར་ཡོངས་ཀྱི་དགོན་སྡེ་ཁག་གིས་ཁུལ་སྟོན་བསུ་བའི་མཆོད་པ་འགྲན་སྡུར་སྐབས་དང་པོ་དེ་མི་ཉག་རྡོ་ར་དཀར་མོ་རུ་སྤེལ་ཡོད་པ་དེ་རེད། མི་ཉག་རྡོ་ར་དཀར་མོ་ནི་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་གྱི་མངའ་ཁོངས་སུ་ཆགས་ཤིང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གི་མཛད་པའི་འཕྲིན་ལས་སྐྱོང་ཡུལ་གྱི་གནས་ཁྱད་པར་ཅན་དེ་ལགས་ཤིང་། ད་ལྟར་སློབ་གྲྭ་དང་བཤད་གྲྭ། སྒྲུབ་གྲྭ། དཔེ་མཛོད་ཁང་སོགས་ལས་གཞི་རྒྱ་ཆེ་ལ་ཁམས་མི་ཉག་ཡུལ་གྱི་ཆོས་རིག་གི་ལྟེ་གནས་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།

ཐེངས་འདིའི་འགྲན་སྡུར་ལ་ཞུགས་པའི་དགོན་པ་དང་བཤད་གྲྭ་སོ་སོའི་མཆོད་པ་བཅའ་བཟོ་བ་དག་གིས་ལག་རྩལ་གང་ཡོད་ཀྱིས་མར་རྒྱན་མཆོད་པ་བཅའ་བཟོ་བྱས་ཤིང་། མར་གྱིས་བཅའ་བའི་རི་མོ་དང་མེ་ཏོག། བཀྲ་ཤིས་རྟགས་བརྒྱད། རྟགས་བརྒྱད་བུམ་གཟུགས། འདོད་ཡོན་སྣ་ལྔ། སྡོམ་བརྩོན་དམ་པ། ཙི་པ་ཊ། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག། དཀྱིལ་འཁོར། ཡུལ་ལྗོངས། ལྷ་སྐུའི་སྣང་བརྙན་སོགས་ལ་རྩ་བའི་ཁ་དོག་བཞི་ཡི་སྲོལ་རྒྱུན་གྱི་ཚོན་མདངས་སྡེབ་ལུགས་དང་དེང་རབས་ཚོན་གྱི་སྡེབ་སྦྱོར་གཉིས་ཟུང་འབྲེལ་བྱས་པའི་ལག་རྩལ་བཟང་ཞིང་ཧ་ཅང་ཞིབ་ཚགས་ལྡན་ལ་རང་རང་གི་ཁྱད་ཆོས་དང་ཉམས་འགྱུར་འབུར་དུ་ཐོན་ཡོད། གསོན་ཉམས་དང་སྒྱུ་རྩལ་གྱིས་ཕྱུག་པའི་མར་རྒྱན་མཆོད་པ་འདི་དག་གིས་རང་རང་གི་ཁྱད་ཆོས་བཀྲ་བཞིན་མཆོད་སྟེགས་སུ་བཤམས་ནས་ཡོད་པས། ཐེངས་འདིའི་བྱེད་སྒོར་ཞུགས་མཁན་དང་ལྟད་མོ་བ་ཡོངས་ཀྱི་ཡིད་ཀྱི་དང་བ་འདྲེན་ལ། ལྟ་བས་ཆོག་མི་ཤེས་པའི་མཛེས་ཉམས་མངོན་པར་དོད་འདུག་ཅིང་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་སྣང་བརྙན་ལྷག་ཏུ་བཀྲ།

ཕྱག་སོར་བདེ་མོའི་སྒྱུ་རྩལ།

     སྤྱི་ཟླ9པའི་ཚེས14ཉིན་གྱི་སྔ་དྲོར། གྲོང་ཁྱེར་ཡོངས་ཀྱི་དགོན་སྡེ་དང་བཤད་གྲྭ་བཅས་ཀྱི་འགྲན་ཞུགས་བརྩམས་ཆོས་ཀྱི་མར་རྒྱན་མཆོད་པ་སོ་སོའི་གཤམ་དུ་རང་རང་གི་དགོན་པའི་མིང་དང་མཆོད་པ་བཅའ་མཁན་གྱི་གྲྭ་བཙུན་གྱི་མཚན་བཅས་བཀོད་ནས་གྲ་འགྲིག་ཅིང་གྲལ་དག་པོའི་སྒོ་ནས་འགྲན་སྡུར་ཡུལ་དངོས་ཀྱི་མཆོད་སྟེགས་སུ་བཤམས་ཤིང་།འགྲན་ཞུགས་དགོན་པ་དང་བཤད་གྲྭ་སོ་སོ་ནས་དཔྱད་འདེམས་པ་གཅིག་རེ་བདམས་ནས་རང་རང་གི་འགྲན་ཞུགས་བརྩམས་ཆོས་ཀྱི་མར་རྒྱན་མཆོད་པའི་ནང་དོན་དང་ཕྱག་རྒྱུན་སོགས་འགྲེལ་བརྗོད་གནང་བ་དང་། དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་འདེམས་ཤོག་འཕེན་པའི་ཐབས་ལམ་བརྒྱུད་ནས་འགྲན་སྡུར་བྱས་པས། མཇུག་མཐར་མདོ་ཁམས་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་མར་རྒྱན་མཆོད་པ་ལ་ཐེངས་འདིའི་འགྲན་ཞུགས་བརྩམས་ཆོས30ལྷག་གི་ཁྲོད་ནས་གཟེངས་སུ་ཐོན་ཏེ་འདེམས་ཤོག་མང་པོ་ཐོབ་པས་ཨང་དང་པོའི་བྱ་དགའ་ཐོབ་ཅིང་། དེ་བཞིན་ཨང་གཉིས་པ་གསུམ་དང་ཨང་གསུམ་པ་བཞི་བཅས་ཀྱི་བྱ་དགའ་རིམ་པ་བཞིན་དུ་ཐོབ་ཡོད་པ་རེད། དེ་ལྟར་མར་རྒྱན་མཆོད་པའི་འགྲན་སྡུར་ཁག་ལེགས་པར་གྲུབ་རྗེས་དགེ་འདུན་འདུས་པ་རྒྱ་མཚོ་ནས་སེམས་བསྐྱེད་དང་སྨོན་ལམ་བཟང་པོའི་ཐུགས་རྗེས་ཀུན་ནས་བསྐྱངས་ཤིང་། མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་གསུངས་དོན། ད་ཐེངས་དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་དགོན་པ་སོ་སོ་དང་ཆོས་སྡེ་སོ་སོས་མར་རྒྱན་མཆོད་པའི་འགྲན་སྡུར་འདིའི་དམིགས་ཡུལ་གཙོ་བོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དུ་སྤེལ་བ་ཡིན་ལ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་གྲུབ་མཐའ་ཁག་ལྔ་ཡི་དགོན་སྡེ30དང་བཤད་གྲྭ་གཅིག་བཅས་འགྲན་སྡུར་དུ་ཞུགས་ཡོད་ལ། མར་རྒྱན་མཆོད་པ་འདིའི་ལོ་རྒྱུས་ལ་མཚོན་ན་ཧ་ཅང་རྒྱུན་རིང་པོ་རེད། བོད་བརྒྱུད་ནང་བསྟན་ལ་མཚོན་ན་ལོ་སྟོང་གཅིག་དང་སུམ་བརྒྱ་ཡར་མར་གྱི་ལོ་རྒྱུས་རེད། དེའི་སྟེང་ནས་གཡུང་དྲུང་བོན་གྱི་ཆོས་ལུགས་ལ་བཤད་ན་ལོ་རྒྱུས་དེ་ལས་ཀྱང་རིང་བ་རེད། དེ་འདྲ་ཡིན་དུས་དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་སོ་སོའི་ལོ་རྒྱུས་ཀྱི་ཁྱད་ཆོས་དེ་མ་ཉམས་པའི་སྒོ་ནས་ད་ལྟའི་རྒྱལ་ཕྱི་ནང་གི་མཆོད་པ་བཞེངས་ལུགས་ཀྱི་ལག་རྩལ་གསར་པ་འདི་དག་ནང་འདྲེན་བྱས་ཤིང་དགེ་རྒན་གསར་པ་གདན་དྲངས་ནས་རང་རང་གི་ཁྱད་ཆོས་ཡོད་པ། སོ་སོའི་གྲུབ་མཐའ་ཆོས་ལུགས་ཁག་གི་ཁྱད་ཆོས་དང་མཐོང་བརྒྱུད་ཀྱི་ཕྱག་བཞེས་མ་ཉམས་པའི་སྒོ་ནས་མཆོད་པ་བཅའ་བཟོ་བྱས་ཡོད་པས། མཆོད་པ་འདི་དག་ཡིན་ན་དགོན་པ་རང་རང་སོ་སོའི་ཁྱད་ཆོས་ཕུན་སུམ་ཚོགས་པོ་བྱུང་ཡོད། མ་འོངས་པ་ཡིན་ན་དུས་རབས་གསར་པ་རེད། ཆོས་ལུགས་དེ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་དེང་རབས་ཀྱི་ཡར་རྒྱས་གོང་འཕེལ་དང་མཐུན་པ་ཞིག་གི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། མ་འོངས་པར་འདིའི་རིགས་ཀྱི་སྲོལ་རྒྱུན་གྱི་ལག་རྩལ་བཟང་པོ་ཇེ་རྒྱས་ཇེ་བཟང་དུ་འགྲོ་རྒྱུ་དང་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་དར་ཞིང་སེམས་ཅན་བདེ་དགའི་དཔལ་ལ་ལོངས་སྤྱོད་ཅིང་། འཛམ་གླིང་མཐའ་གྲུ་ཀུན་ཏུ་ནད་མུག་འཁྲུག་རྩོད་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་འཛམ་གླིང་ཞི་བདེའི་དཔལ་ལ་སྤྱོད་པའི་སྨོན་འདུན་དང་ཐུགས་བསྐྱེད་བཟང་པོས་མཐའ་བརྒྱན་ཏེ་ཕུན་སུམ་ཚོགས་པའི་ངང་ནས་མཇུག་གྲུབ་པའོ།།

ཕྱག་སོར་བདེ་མོའི་སྒྱུ་རྩལ།

  • ལེ་ཚན་སྔོན་མ།:བདུན་ཕྲག་གཅིག་གི་རྗེས་སུ་།
  • ལེ་ཚན་རྗེས་མ།:ན་གཞོན་ཕལ་བ་ཞིག་གི་སེམས་འཕྲིན།