སྟོང་བསམ་ནི་སྟོང་བའི་ཆུ་མགོ་སྟེ། ལག་ལེན་ནི་ཕུགས་བསམ་གྱི་འཇའ་ཤིང་ཡིན།

ཨེ་མོ་ཧྲིན་གྱིས་བརྩམས། བཀྲ་ཤིས་སྒྲོལ་མས་བསྒྱུར།        2020-09-25

      ང་ཁྱོད་ཁོ་དང་ང་ཚོ་ཚང་མ་ཕུན་སུམ་ཚོགས་པའི་འཇིག་རྟེན་འདིར་ཐོན་རྗེས། ནང་སེམས་སུ་མཛེས་སྡུག་ལྡན་པའི་ཕུགས་བསམ་ཞིག་འབྱུང་གིན་ཡོད་དེ། མི་འགའ་རེར་ཨན་ཏི་ཧྲེང་ལྟ་བུའི་གསར་གཏོད་པ་ཞིག་ཏུ་འགྱུར་རྒྱུའི་ཕུགས་བསམ་འདུག་ལ། ཡང་འགའ་རེར་མ་ལི་ལན་མེང་ལུའུ་ལྟ་བུའི་སྙན་གྲགས་ཀྱི་བ་དན་ཕྱོགས་ཀུན་ཁྱབ་པའི་མི་ཞིག་བྱ་རྒྱུའི་ཕུགས་བསམ་འདུག་པ་དང་། ཡང་འགའ་རེར་སྨན་པ་དང་དགེ་རྒན་ཞིག་ཏུ་འགྱུར་རྒྱུའི་ཕུགས་བསམ་ཡང་ཡོད།

      འོན་ཏེ། ཕུགས་འདུན་ཁོ་ན་ཡོད་པས་ཆོག་གམ། མི་ཆོག གཏན་ནས་ཆོག་མ་རེད། ཧ་ཧྥུ་ཡིས་སློབ་མར་འདི་ལྟར་གསུངས་ཡོད་དེ། ཕུགས་འདུན་ནི་རྒྱལ་ཁའི་གཤོག་པ་ཡིན་ཡང་། གལ་ཏེ་ཕུགས་འདུན་ཁོ་ན་ཡོད་པ་ལས་དངོས་སུ་ལག་ལེན་མ་བྱས་ཚེ། ས་བོན་ཅི་འདྲར་བཟང་ཡང་ས་གཤིན་བཟང་བའི་ས་རུ་མ་བཏབ་ཚེ། དེ་ལ་མྱུ་གུ་འབུས་མི་ཐུབ་པ་བཞིན། ས་ཁྲར་ཅི་འདྲའི་ཞིབ་ཚགས་དང་། བསྡུར་ཚད་ཀྱི་གནད་ཇི་འདྲའི་འཁེལ་ནའང་དེས་རང་གི་བདག་པོ་ཁྲིད་དེ་ས་ངོས་སུ་གོམ་པ་ཕྱེད་ཙམ་སྤོ་མི་ཐུབ་པ་བཞིན། ཕུགས་བསམ་ནི་ལག་ལེན་གྱིས་བཏབ་པའི་ཟམ་པ་ཡིན་པའི་དབང་དུ་བཏང་ན། ད་གཟོད་བདེ་ལེགས་ངང་ཕ་རོལ་ལ་འབྱོར་ཐུབ། དེ་ལྟར་མིན་ཚེ། ཁོའི་ཕུགས་འདུན་ནི་ཇི་འདྲའི་བརྗིད་ཉམས་ཆེ་རུང་། ཁ་དོག་རྣམ་པར་བཀྲ་བའི་འདག་རྫས་ཀྱི་ལྦུ་བ་ལས་མ་འདས།

     ཝང་དབྱི་ཀུང་སིའི་གསར་གཏོད་པ་ཏིང་ལེ་ཡིས་“ཐང་ལ་འགྱེལ་སོང་ཡང་། བྱེ་མ་སྤར་མོ་གང་ལག་ཏུ་བཟུང་དགོས།”ཞེས་གསུངས། བྱེ་མ་སྤར་མོ་གང་དེ་ནི་ཕུགས་བསམ་ལ་བཏབ་པའི་ཨུ་ཚུགས་དང་། ལག་ལེན་ཀྱི་སྒུལ་ཤུགས། ཕུགས་བསམ་མངོན་འགྱུར་འབྱུང་ཐུབ་པའི་དམ་བཅའ་རེད། རྩོམ་རིག་སློབ་དཔོན་ཆེན་པོ་ལིན་ཆིང་ཤོན་གྱིས“རང་སེམས་གྲོལ་དགོས། རྣམ་པར་གྲོལ་བའི་མེ་ཏོག་གི་ཚུལ་གྱིས་རང་ཉིད་གསོན་པོར་འཚོས་ཡོད་པར་བདེན་དཔང་བྱ་དགོས།”ཞེས་གསུངས་ལ། ནང་སེམས་ཡོངས་སུ་གྲོལ་བའི་བརྒྱུད་རིམ་ནི་ཕུགས་བསམ་ལག་ལེན་དུ་སྤེལ་བའི་བརྒྱུད་རིམ་དང་། ཕུགས་བསམ་མངོན་འགྱུར་བྱ་བའི་བརྒྱུད་རིམ་ཞིག་ཀྱང་ཡིན་ཕྱིར། ལག་ལེན་མེད་པའི་ཕུགས་བསམ་ནི་ནམ་ཡང་རྨི་ལམ་ཞིག་དང་འདྲ་བས། ཕུགས་བསམ་མངོན་འགྱུར་བྱ་བར་ངེས་པར་ལག་ལེན་དགོས་སོ།།

      ཁོ་རང་ཆུང་བྱིས་པ་ལོ་ལྔ་ནས་བཟུང་། ཨ་ཕས་སྣེ་ཁྲིད་བྱས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ཏུ་སྤོ་ལོ་བརྒྱབ་པ་དང་། ལོ་བདུན་སླེབས་སྐབས་ཉོའུ་ཝེའི་ཕོ་གསར་རུ་ཁག་ནས་བསྟོད་བསྔགས་མང་པོ་ཐོབ་ཅིང་། ལོ་བརྒྱད་ལ་སླེབས་སྐབས་ཨ་ཕས་ཁོའི་རྐང་རྩེད་སྤོ་ལོའི་རྐང་རྩལ་རིམ་བཞིན་འཕེལ་ཆེད་སྤུས་ཚད་ལྡན་པའི་སྤོ་ལོའི་རུ་ཁག་ཏུ་རྐང་རྩེད་སྤོ་ལོ་སྦྱོང་བརྡར་བྱེད་དུ་བཏང་། རླབས་ཆེ་བའི་ཕུགས་བསམ་ཡོད་པའི་ཁོའི་མདུན་ལམ་ནི་བར་ཆད་མེད་པ་ཞིག་ཡིན་དགོས་ཀྱང་། གནམ་ལ་མི་རྟག་ཆར་རླུང་། མི་ལ་མི་རྟག་བར་ཆད། ཁོ་རང་ལོ་བཅུ་གཅིག་ལ་སླེབས་སྐབས། སྨན་པས་ཁོ་ལ་སྐྱེ་འཚར་ཧོ་ཨར་མེའུ་མི་འདང་བའི་ཕྱོགས་བསྡུས་ནད་ཅིག་ཕོག་འདུག་པར་བརྟག་དཔྱད་བྱས། དེ་ནི་རུས་པ་སྐྱེ་འཚར་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ནད་ཅིག་ཡིན་རྐྱེན། ནད་འདི་ཕོག་པའི་མི་ལ་ནམ་རྒྱུན་གྱི་འགྲོ་འདུག་ཚང་མར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱིན་ཡོད། རང་ཉིད་ཀྱི་ཕུགས་བསམ་སྟོང་བ་འགྱུར་བ་མཐོང་རྗེས། ཁོས་གདམ་ག་གང་འདྲ་ཞིག་བྱས་སམ། ཁོས་སྔོན་ནས་ད་བར་རྒྱུན་འཁྱོངས་བྱས་པའི་ཕུགས་བསམ་མ་དོར་བར། རང་ཉིད་ཀྱི་ལག་ལེན་གྱིས་རང་གི་ནུས་ཐང་ལ་བདེན་དཔང་རྨད་པ་ཞིག་བྱས་སོང་།

     ཁོས་མི་གཞན་པས་བཟོད་དཀའ་བའི་དཀའ་ངལ་དང་སྡུག་བསྔལ་ཁྱད་གསོད་བྱས་རྗེས། ད་གཟོད་ནད་ལས་ཐར་ཞིང་། རྐང་རྩེད་སྤོ་ལོའི་རྐང་རྩལ་ཐད་ལའང་གོང་འཕེལ་ཆེན་པོ་བྱུང་བས། ཕུལ་བྱུང་གི་སྤོ་ལོའི་སྐར་ཆེན་ཞིག་ཏུ་གྱུར་ཏེ་ཨོ་ཡོན་ཕིན་ལུས་རྩལ་གསེར་གྱི་རྟགས་མ་དང་། གསེར་གྱི་བྱིས་པའི་བྱ་དགའ། འཛམ་གླིང་གཞོན་ནུའི་འགྲན་སྡུར་གསེར་གྱི་བྱ་དགའ་བཅས་ཐོབ་པར་མ་ཟད། འཛམ་གླིང་རྐང་རྩེད་སྤོ་ལོའི་སྐུ་ཞབས་ཞེས་མཚན་སྙན་ཐོབ་པ་རེད།

      ཁོ་ནི་ལི་ཨའོ་ནེར་མེ་ཞི་རེད། ཆུང་དུས་ནས་བཟུང་ཕུགས་བསམ་ཆེན་པོ་ཡོད་པའི་ཁོས་ཕུགས་བསམ་ལ་ཅེར་གྱིན་ཧོན་མི་འཐོར་བར་ངོ་མཚར་ཆེ་བའི་དོན་རྐྱེན་རང་ཉིད་ཀྱི་ཐོག་ཏུ་ལྷུང་བར་སྒུག་གིན་ཡོད། དེའི་སླད་དུ་ཁོང་གིས་མི་གཞན་པ་ལས་བརྒྱ་འགྱུར་གྱིས་འབད་བརྩོན་བྱས་ཏེ། དཀའ་ངལ་གྱིས་འཐོམ་པའི་ཤ་རོ་ལས་ཕྱིར་འབུར་ཏེ་ཕུགས་བསམ་གྱི་མཁའ་དབྱིངས་སུ་འཕུར་སོང་།

      མི་ལ་ལས་ང་རང་གིས་སྔོན་ཆད་ཕུགས་བསམ་གྱི་ཆེད་དུ་དཀའ་བ་གདོང་གིས་བསུས་ཏེ་བརྩོན་ལེན་བྱེད་མྱོང་མོད། མཐའ་མར་ཕམ་ཁས་མཇུག་རྫོགས་པའི་རྒྱུ་མཚན་ནི་ཅི་ཡིན་ཞེས་བཤད་སྲིད། དོན་དངོས་སུ་བརྩོན་ལེན་གྱིས་ཕུགས་བསམ་མངོན་འགྱུར་བྱ་རྒྱུ་ནི་དཀའ་པོ་མ་ཡིན་ཏེ། ནམ་ཡང་རྒྱུན་འཁྱོངས་བྱེད་ཐུབ་མཁན་ནི་ཉུང་ཉུང་ཡིན་ནའང་། མི་ལ་ལའི་ཕུགས་བསམ་མངོན་འགྱུར་བྱུང་། ལ་ལས་རྒྱུན་འཁྱོངས་བྱས། ལ་ལར་བདེ་གྲུབ་བྱུང་། ལ་ལས་དཀའ་ཁག་རིམ་བཞིན་བརྟོལ་ཐུབ། ཁ་ཕྱོགས་འདིའི་ཐད་ནས་གླེང་ན་ཕུགས་བསམ་མངོན་འགྱུར་འདོད་ན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་ནི་སྨོས་མ་དགོས། སྙིང་ཁར་ལག་པ་བཞག་སྟེ་བསམ་བློ་གཏོང་ན་ཁྱོད་ཀྱིས་ཕུགས་བསམ་མངོན་འགྱུར་གྱི་ཆེད་དུ་རང་ནུས་ཡོད་ཚད་སྤྲུགས་ཡོད་དམ། ཁྱོད་ཀྱིས་རྒྱུན་འཁྱོངས་བྱས་ཡོད་དམ། ཕམ་ཁ་ལ་ནམ་ཡང་རྒྱུ་མཚན་ཡོད་དེ། མི་གཞན་པའི་མཛད་རྗེས་ལ་འཁང་ར་མ་བྱེད་རོགས། རང་ཉིད་ཀྱི་ཞན་ཆ་ཚོལ་དང་། ཁྱོད་ནི་རྒྱལ་ཁ་ལོན་མཁན་ཁྲོད་ཀྱི་ཡ་གྱལ་ཞིག་ཡིན་སྲིད།

        ཁྱོད་ཀྱིས་སྔ་མོ་ནས་རང་ཉིད་ཀྱི་མདུན་ལྗོངས་སུ་ཡིད་ཚིམ་པའི་འཆར་གཞི་ཞིག་བྲིས་ཡོད་ཀྱང་སྲིད། འོན་ཀྱང་དེས་ཁྱོད་ལ་སུན་སྣང་སྟེར་ཡོང་། རྒྱུ་མཚན་ནི་ཁྱོད་ལ་དུས་ཡུན་རིང་པོར་འཆར་གཞི་ལག་ཏུ་བསྟར་མ་ཐུབ་པའི་ཚོར་སྣང་སྐྱེས་རྗེས། རང་ཉིད་ལ་ཁ་གཡར་ས་འཚོལ་སྲིད། དཔེར་ན། “དེ་རིང་ངལ་གསོ་བྱས་ཏེ་སང་ཉིན་ལག་ལེན་བསྟར་དགོས།”ཞེས་རང་གིས་རང་ལ་བཤད་ཀྱིན་ཡོད། བྱེད་སྟངས་འདི་དག་གིས་ཁྱོད་ཀྱི་ཕུགས་བསམ་མངོན་འགྱུར་འབྱུང་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། རྒྱལ་ཁ་ཐོབ་དགོས་ན། ངེས་པར་དུ་མྱུར་དུ་ལག་ལེན་བྱེད་དགོས། འཆར་གཞི་རླབས་ཆེན་ཅི་འདྲ་ཞིག་ཡིན་རུང་གལ་ཏེ་ལག་ལེན་ལ་མ་བསྟར་ཚེ། ཤོག་ཐོག་ཏུ་ཇུས་བཀོད་བྱས་པའི་རི་མོ་ལས་མིན་པའི་ཕོ་བྲང་དང་མཚུངས་ཕྱིར། རྨི་ལམ་ནང་གི་ཕོ་བྲང་ལས་མ་འདས། རྨི་ལམ་ནང་གི་ཕོ་བྲང་དགོས་འདོད་སྤུངས་སུ་འབྱུང་བའི་གཞལ་ཡས་ཁང་ཞིག་ཡིན་ནའང་དངོས་སུ་ཕབ་ཆེད། ཁྱོད་ཀྱིས་དཀའ་བ་ཁྲི་དང་བརྩོན་པ་འབུམ་གྱིས་སོ་ཕག་དང་རྫ་གཡམ་སྣོན་དགོས། དེ་ལྟར་མིན་ཚེ་རྨི་ལམ་ནང་གི་ཕོ་བྲང་དེ་ནམ་ཡང་རྨི་ལམ་ནང་གི་སྒྱུ་འཕྲུལ་ཙམ་ཡིན་ནོ།།

     མི་ཚེ་ནི་མུན་ནག་གི་མཚན་མོའི་ལམ་ལས་བགྲོད་དགོས་པ་དང་འདྲ། ཕུགས་བསམ་ནི་སྒྲོན་མེ་བཞིན། ང་ཚོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་ལམ་སྟོན་དང་། ཕུགས་བསམ་གྱི་ཆེད་དུ་འགྲུབ་པའི་ལག་ལེན་ནི་རྐང་ཞབས་ཀྱི་ལྷམ་ལྟ་བུ་ཡིན། སྒྲོན་མེ་མེད་ཚེ་ང་ཚོ་ལོང་བ་དང་འདྲ་བས་གོམ་གང་ཡང་སྤོ་ཐབས་བྲལ། ལྷམ་མེད་ཚེ། མདུན་ལམ་ཀྱི་ཚེར་མས་ང་ཚོའི་སུག་པར་རྨ་ཁ་བཟོ་ངེས་པས། རྒྱང་རིང་གི་འོད་ཟེར་དང་ནམ་ཡང་འཕྲད་མི་སྲིད།

     ཚེ་སྲོག་ལ་ཕུགས་བསམ་ཡོད་པས་ཕུན་སུམ་ཚོགས། ཕུགས་བསམ་ནི་ལག་ལེན་ཡོད་པས་ངོ་མཚར་ཆེ། ལག་ལེན་བྱས་ཚེ་ཕུགས་བསམ་མངོན་འགྱུར་བྱ་ཐུབ། མཇུག་མཐར་རྒྱལ་ཁ་མ་ཐོབ་ནའང་ང་ཚོར་འགྱོད་པ་ཡོད་མི་སྲིད། རྒྱུ་མཚན་ནི་ང་ཚོས་དེའི་ཁྲོད་ནས་རང་ཉིད་ཀྱི་སྙིང་སྟོབས་སྦྱོང་བརྡར་ཐུབ་པ་དང་གནད་འགག་མང་པོ་ཤེས་ཐབས་བྱུང་བས་རེད།

      ཕུགས་བསམ་གྱི་དར་ཆ་སྒྲོན་ཆེད། ཞུམ་མེད་ངང་མདུན་སྐྱོད་དང་ལག་ལེན་གྱི་ཁ་ཕྱོགས་བརྟན་དུ་གནས་ཚེ། མི་ཚེའི་རྒྱ་མཚོ་ཁྲོད་ངོ་མཚར་ཆེ་བའི་གྲུ་གཟིངས་དེ་རྦ་རླབས་ཀྱི་སྒྲོས་དང་བསྟུན་ནས་ཕུགས་བསམ་གྱི་ཕ་རོལ་ཏུ་བསྐྱོད་ཐུབ་པར་ཡིད་ཆེས་བྱ་དགོས།

ཧ་ཧྥོ་སློབ་ཆེན་གྱིས་གསུངས་པར་“རྒྱལ་ཁ་ནི་སེམས་ཤུགས་ལ་རག་ལས་ཡོད་ཅིང་། ལག་ལེན་ལ་དེ་བས་ཀྱང་རག་ལས་ཡོད། དམིགས་ཡུལ་གཏན་འབེབས་བྱེད་པ་ནི་དམིགས་ཡུལ་འགྲུབ་པའི་ཆེད་དུ་ཡིན་ཞིང་། དམིགས་ཡུལ་གཏན་འབེབས་ཡག་པོར་བྱས་རྗེས། དངོས་སུ་ལག་བསྟར་བྱ་དགོས། གལ་ཏེ་དམིགས་ཡུལ་དེ་ལག་བསྟར་མ་བྱས་ཚེ། དམིགས་ཡུལ་དེ་ནི་སྙིང་པོ་མེད་པའི་བེམ་པོ་ཞིག་གོ།” དམིགས་ཡུལ་དེར་ཁ་གཏད་ཅིང་བློ་སེམས་གཅིག་ཏུ་རྣལ་ཏེ་ལག་བསྟར་བྱ་བའི་མི་དེར་འཛམ་གླིང་ཧྲིལ་བོས་ཁོ་ལ་ལམ་གཟུར་བྱེད་སྲིད་དོ།།


  • ལེ་ཚན་སྔོན་མ།: བོད་མིའི་ཟས་མཆོག་ནས་ཀྱི་རྣམ་བཤད་རགས་བསྡུས།
  • ལེ་ཚན་རྗེས་མ།:པར་རིས་ནས་མཚོན་པའི་དཀར་མཛེས་ཁུལ་ལོ70རིང་གི་འཕེལ་རྒྱས་གྲུབ་འབྲས།
  • དོ་སྣང་ཆེ་བའི་རྩོམ།