ཐུམ་འབུའི་ནད་རྩ་མེད་བཏང་ནས་འབྱོར་འབྲིང་ལམ་དུ་བསྐྱོད།

དབྱངས་ཅན་གྱིས་བསྒྱུར།        2020-09-23

རྒྱལ་ཁབ་ཀྱིས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་བྱེད་སར་དཔྱད་དཔོག་མཐར་ཐུག་བྱས།

2020ལོའི་སྤྱི་ཟླ8པའི་ཚེས17ནས21ཉིན་གྱི་བར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་། སྤྱི་བདེ་པུའུ། ཞིང་ལས་དང་ཞིང་སྡེ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས། ཀྲུང་གོ་ཆུ་བེད་ཆུ་དོན་ཚན་རྩལ་ཞིབ་འཇུག་ཁང་། ཀྲུང་གོའི་རིམས་ནད་ཚོད་འཛིན་ལྟེ་གནས་བཅས་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་ལས་གྲུབ་པའི་ཕྱོགས་བསྡུས་ཞིབ་བཤེར་རྩིས་ལེན་ཚོ་ཆུང་དང་། རིམས་ནད་འགོག་བཅོས་ཚོད་འཛིན། སྨན་བཅོས། ཞིང་འབྲོག་སོགས་ཆེད་མཁས་ཚོ་ཆུང་ལས་གྲུབ་པའི་ལག་རྩལ་དཔྱད་དཔོག་ཚོ་ཆུང་གིས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱས་པའི་ཚོད་ལྟའི་ལས་ཀར་མཐར་ཐུག་གི་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་བྱས་ཤིང་། ཕྱོགས་བསྡུས་ཞིབ་བཤེར་རྩིས་ལེན་ཚོ་ཆུང་གིས་ཁག་བགོས་ནས་ཁུལ་མི་དམངས་སྨན་ཁང་དང་། ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས། སེར་ཤུལ་རྫོང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་གཞུང་ལས་ཁང་། རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས། རྫོང་ཞིང་འབྲོག་དང་ཞིང་སྡེ་ཚན་རྩལ་ཅུས། རྫོང་ཆུ་བེད་ཅུས། རྫོང་བཤས་ར་ཐང་། སེར་ཤུལ་དགོན་དང་ཕྱག་ཚ་གྲོང་རྡལ་མི་དམངས་སྲིད་གཞུང་། འཕྲོད་བསྟེན་ཁང་། ལྟེ་བའི་སློབ་ཆུང་། འབྲོག་པའི་གཞིས་ཆགས་ས་ཚུགས། རྩྭ་ར་སོགས་ལ་ཕྱིན་ནས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་ལས་ཀ་ཁག་གི་འཕེལ་ཚུལ་ལ་དཔྱད་དཔོག་བྱས་པ་དང་། ལག་རྩལ་དཔྱད་དཔོག་ཚོ་ཆུང་གིས་དཔྱད་ཡིག་ལ་ལྟ་བཤེར་དང་། ཡུལ་དངོས་སུ་སྐོར་བསྐྱོད། བསམ་ཚུལ་བརྗེ་རེས་སོགས་ཀྱི་བྱེད་སྟངས་སྤྱད་ནས། ནང་རྐྱེན་འཛུགས་སྐྱོང་དང་། འཇོན་ནུས་ཇེ་དྲག་ཏུ་གཏོང་བ། གྲོན་དངུལ་དོ་དམ། མི་ཚོགས་ཞིབ་བཅོས། ཁྱིར་ཚད་ལྡན་དོ་དམ། འཐུང་ཆུ་ཉེན་མེད་ཡོང་བ། ནང་ཁྲོལ་ནད་ཅན་གནོད་མེད་གཙང་སེལ། ཨ་བྲ་བཅོས་སྐྱོང་སོགས་ཀྱི་འགོག་བཅོས་ལས་ཀར་ཕྱོགས་བསྡུས་དཔྱད་བསྡུར་གཏན་འབེབས་བྱས་པ་རེད། 2020ལོའི་སྤྱི་ཟླ8པའི་ཚེས21ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་ས་ཚུགས་ཀྱི་མཐར་ཐུག་དཔྱད་དཔོག་རྩིས་ལེན་བྱེད་པའི་གནས་ཚུལ་ཕྱིར་ལྡོག་གྲོས་ཚོགས་ཐོག རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་རིགས་ཚོད་འཛིན་ཅུས་ཀྱི་སྐོར་གཟིགས་པ་ཧོ་ཆིན་ཧྭ་ཡིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་ས་ཚུགས་དེར་རྒྱལ་ཁབ་ཀྱི་མཐར་ཐུག་གི་དཔྱད་དཔོག་ཐོབ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

ཐུམ་འབུའི་ནད་རྩ་མེད་བཏང་ནས་འབྱོར་འབྲིང་ལམ་དུ་བསྐྱོད།
2020ལོའི་སྤྱི་ཟླ6པའི་ཚེས15ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་(གཡས་ཀྱི་ཨང་དང་པོ།)སེར་ཤུལ་རྫོང་དུ་ཕེབས་ནས་ཐུམ་འབུའི་ནད་འགོག་བཅོས་དང་འཐུང་ཆུ་ཉེན་མེད་ཡོང་བའི་འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད་གཏོང་ཚུལ་སོགས་ལ་ཞིབ་བཤེར་གནང་།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་(གཡས་ཀྱི་ཨང་གཉིས་པ)གིས་ལྷན་ཕེབས་གནང་།

ཐུམ་འབུའི་ནད་རྩ་མེད་བཏང་ནས་འབྱོར་འབྲིང་ལམ་དུ་བསྐྱོད།
2017ལོའི་སྤྱི་ཟླ3པའི་ཚེས29ནས30ཉིན་གྱི་བར་སི་ཁྲོན་ཞིང་ཆེན་གྱི་ཧྲུའུ་ཅི་དབྱིན་ལི་(གཡས་ཀྱི་ཨང་གཉིས་པ)སེར་ཤུལ་རྫོང་སེར་ཤུལ་གྲོང་རྡལ་རི་བཀྲ་གྲོང་སྡེར་ཕེབས་ནས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་ལས་ཀ་སྤེལ་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ལྷན་ཕེབས་གནང་།

ཐུམ་འབུའི་ནད་རྩ་མེད་བཏང་ནས་འབྱོར་འབྲིང་ལམ་དུ་བསྐྱོད།
2020ལོའི་སྤྱི་ཟླ8པའི་ཚེས19ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རིམས་ནད་ཚོད་འཛིན་ཅུས་ཀྱི་སྐོར་གཟིགས་པ་ཧོ་ཆིང་ཧྭས་སེར་ཤུལ་རྫོང་རིམས་ནད་ཚོད་འཛིན་ལྟེ་གནས་སུ་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལས་ཀར་ཞིབ་བཤེར་གནང་བ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲང་ཁྲེང་ཅིང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་འཆི་མེད་ཀྱིས་ལྷན་དུ་ཞིབ་བཤེར་བྱས།

ཐུམ་འབུའི་ནད་རྩ་མེད་བཏང་ནས་འབྱོར་འབྲིང་ལམ་དུ་བསྐྱོད།
2020ལོའི་སྤྱི་ཟླ8པའི་ཚེས21ཉིན། རྒྱལ་ཁབ་ཀྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་ས་ཚུགས་དཔྱད་དཔོག་མཐར་ཐུག་བྱས།


སེར་ཤུལ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་གཞི་ཁྱོན་ཆེས་ཆེ་ལ་ས་བབ་མཐོ་བ་དང་། རྒྱང་ཐག་ཆེས་རིང་བའི་སར་གནས་པའི་རྫོང་ཞིག་ཡིན། 2012ལོར་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་ཡམས་ཀྱི་ན་ལུགས་ན་རྐྱེན་སྐོར་གྱི་རིག་པའི་བརྟག་དཔྱད་བྱས་ཏེ་རྫོང་ཡོངས་ཀྱི་མི་ཚོགས་བརྒྱ་ཆ12ལ་ནད་དེ་ཕོག་ནས་སི་ཁྲོན་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་ནད་ཡམས་མཆེད་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལས་མངོན་གསལ་མཐོ་བ་དང་། ཐུམ་དབྱིབས་དང་ལྦུ་དབྱིབས་འདྲེས་མའི་ཐུམ་འབུའི་རིམས་ནད་མཆེད་ཁུལ་གཙོ་བོ་ཡིན་པས། རྒྱལ་ཕྱི་ནང་གི་ཐུམ་འབུའི་ནད་ཡམས་མཆེད་ཁུལ་དུ་མཐོང་དཀོན་པ་ཞིག་ཡིན་པར་གོ་བ་རེད། ཐུམ་འབུའི་ནད་ཀྱིས་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་གནོད་སྐྱོན་ཚབས་ཆེན་ཐེབས་ནས། ཞིང་འབྲོག་མང་ཚོགས་ནད་རྐྱེན་དབུལ་པོར་གྱུར་པ་དང་དབུལ་པོར་བསྐྱར་དུ་ལོག་པའི་རྒྱུ་རྐྱེན་གཙོ་བོའི་ནང་གི་ཡ་གྱལ་ཡིན།

2015ལོའི་སྤྱི་ཟླ11པར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཛའ་བརྩེའི་ཐུགས་ཁུར་འོག དཀར་མཛེས་ཁུལ་སེར་ཤུལ་རྫོང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་ལས་ཀ་དངོས་སུ་སྤེལ་མགོ་བཙུགས་ཡོད། 2020ལོའི་སྤྱི་ཟླ6པའི་ཚེས30ཉིན་གྱི་བར་དུ། སེར་ཤུལ་རྫོང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་ས་ཚུགས་ཀྱི་ལས་ཀའི་དམིགས་ཚད་དེ་མཐར་ཐུག་གི་དཔྱད་དཔོག་བླང་བྱ་གྲུབ་ནས། ཐུམ་འབུའི་ནད་ཡམས་མཆེད་པར་ཚོད་འཛིན་ནུས་ལྡན་བྱེད་པའི་སྤྱིའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད་པ་དང་། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་རིམ་གྱི་དམིགས་ཡུལ་གྱི་ལས་འགན་ཚད་བརྒལ་ལེགས་འགྲུབ་བྱུང་ནས། གྲུབ་འབྲས་ཆེན་པོ་ལྔ་ཐོབ་པ་དང་འཕོ་འགྱུར་ཆེན་པོ་ལྔ་བྱུང་ཡོད།

ལོ6ནས12བར་གྱི་བྱིས་པར་བསྟུད་མར་ལོ3ལ་ཐུམ་འབུའི་ནད་ཡོད་མེད་ཞིབ་བཤེར་བྱས་ནས་ནད་ཕོག་མཁན་གཅིག་ཀྱང་མེད་པ་རེད། ཁྱི་ནས་ཐུམ་འབུའི་ནད་འགོས་ཚད་བརྒྱ་ཆ0.86དམའ་རུ་ཕྱིན་པ་དང་། སྒོ་ཕྱུགས་ལ་ཐུམ་འབུའི་ནད་ཕོག་ཚད་བརྒྱ་ཆ13.92དམར་རུ་ཕྱིན་པ། ཕྱོགས་གསུམ་གྱི་ཆ་ནས་དཔྱད་དཔོག་བྱས་ཏེ་འགོག་བཅོས་ཤེས་བྱ་རྟོགས་ཐུབ་ཚད་བརྒྱ་ཆ98.13ལ་འཕར་ཡོད། སྒོ་ཁྱི་ཐོ་འགོད་དོ་དམ་བྱེད་ཚད་དང་། ཁྱིའི་ལུས་པོར་འབུ་དེད་ཚད། བཤས་ར་ཐང་གི་ནང་ཁྲོལ་ནད་ཅན་གཙང་སེལ་བྱེད་ཚད། གཞིས་ཆགས་བྱ་ཡུལ་དང་དེའི་མཐའ་སྐོར་གྱི་སྤྱི་ལེ1དང་ཕྱེད་ནང་ཚུན་ལ་ཨ་བྲ་གསོད་ཚད་སོགས་བརྒྱ་ཆ100ལ་ཟིན་ནས། ཚད་གཞིའི་ལས་འགན་སྣ་ཚོགས་ཚང་མ་སྔ་སྣུར་དུ་ཚད་བརྒལ་ལེགས་འགྲུབ་བྱུང་ཡོད། འཚོལ་ཞིབ་བྱས་པའི་དམ་འཛིན་གཉིས་དང་དོ་དམ་བཞི། ཟུང་འབྲེལ་དྲུག་བཅས་ཀྱི་སེར་ཤུལ་གྱི་བྱེད་སྟངས་དེར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཁས་ལེན་གང་ལེགས་བྱས་ཤིང་། དེའི་ཉམས་མྱོང་དང་བྱེད་སྟངས་ལ་བོད་འབྲེལ་ས་ཁུལ་ལ་ཁྱབ་གདལ་བཏང་བར་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དཔོན་རིགས་དང་ཆེད་རམས་པས་ཡོངས་ཁྱབ་ཏུ་དོ་ཁུར་གནང་བ་རེད།

དུས་མཚུངས་སུ་ཚོད་ལྟ་ས་ཚུགས་ཀྱི་རྨང་གཞིའི་ཐོག་དཀར་སེར་ཤུལ་རྫོང་གཙོ་བོར་བྱས་པའི་ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་བརྒྱབ་ཡོད། ཉེ་བའི་ལོ་ལྔའི་རིང་ཏང་སྲིད་ཀྱིས་གཙོ་ཁྲིད་དང་། སྡེ་ཁག་གིས་འགན་འཁྲི་སྒྲུབ་པ། སྤྱི་ཚོགས་ཡོངས་སུ་ཞུགས་པ། ས་ཁོངས་མཉམ་འགོག་བྱེད་པ་སོགས་ཕྱོགས་བསྡུས་འགོག་བཅོས་ཀྱི་ཕན་ཡུན་རིང་བའི་ནང་རྐྱེན་ཕལ་ཆེར་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། སེར་ཤུལ་གྱི་དམ་འཛིན་གཉིས་དང་དོ་དམ་བཞི། ཟུང་འབྲེལ་དྲུག་བཅས་ཀྱི་བྱེད་སྟངས་དེ་ཁུལ་ཡོངས་སུ་ཁྱབ་སྤེལ་བཏང་ནས། ཐུམ་འབུའི་ནད་གཙང་བཤེར་དང་ནད་པ་དོ་དམ་བྱེད་སའི་ལས་སྟེགས་འཛུགས་གཉེར་བྱེད་པ་དང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་དོན་ཐོག་ཏུ་འཁྱོལ་བ་དྲུག་གི་དོ་དམ་མ་ལག་ཁུལ་ཡོངས་སུ་ཁྱབ་གདལ་བཏང་བ། ཁྱི་དོ་དམ་བྱེད་པའི་ནང་རྐྱེན་དང་མ་ལག་ཁྱོན་ཡོངས་ནས་འཁོར་སྐྱོད་བྱས་ཏེ་རིམས་ནད་འགོས་ཁུངས་བཅོས་སྐྱོང་བྱེད་པའི་ཕན་འབྲས་ཇེ་དྲག་ཏུ་བཏང་། རིམ་པ་མང་པོ་དང་ཕྱོགས་མང་པོ།ཐབས་ལམ་སྣ་མང་གི་སྒོ་ནས་བདེ་ཐང་སློབ་གསོ་གཏོང་ཚུལ་གསར་གཏོད་བྱས་ཏེ་མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་བདེ་ཐང་གི་གོམས་སྲོལ་ཆགས་པར་སྐུལ་འདེད་བཏང་ནས། དབུལ་སྐྱོར་གནད་སྨིན་དང་ཐུམ་འབུའི་ནད་འགོག་བཅོས་བྱེད་པ་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་སྐུལ་འདེད་ཧུར་ཐག་བྱས་ཏེ། སྨན་བཅོས་འགན་སྲུང་རོགས་སྐྱོར་དང་འཐུང་ཆུ་ཉེན་མེད་ཡོང་བ་སོགས་ཀྱི་ལས་གཞི་ལེགས་འགྲུབ་ངང་ལག་བསྟར་བྱ་རྒྱུ་ཁག་ཐེག་བྱས་པ་རེད།

2015ལོར་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་དཀའ་གནད་སྒྲོལ་བ་ནས་བཟུང་། ཁུལ་ཡོངས་སུ་རིམ་བསགས་ཀྱིསBའདས་སྒྲ་བརྟག་འཕྲུལ་ཐོག་ནས་མི་གྲངས་ཁྲི102.3ལ་གཙང་བཤེར་བྱས་པ་དང་། དམིགས་བྱའི་མི་ཚོགས་ཞིབ་བཤེར་བྱེད་ཁྱོན་བརྒྱ་ཆ97.87ལ་ཁེབས་པ། ཁུལ་མི་དམངས་སྨན་ཁང་གིས་དང་ཐོག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པའི་སྨན་ཁང་དུ་མཆིན་པ་རང་ལུས་ནས་རྩ་སྤོ་བྱེད་པའི་བཤགས་བཅོས་བྱས་ནས། མི་གྲངས21ལ་མཆིན་པ་རྩ་སྤོས་བྱས་ཏེ་ཐུམ་འབུའི་ནད་པར་དུས་མཇུག་གི་ཚེ་ཐག་རིང་དུ་བཏང་ནས་སྤུས་ཚད་ཇེ་དྲག་ཏུ་བཏང་བ། མི་གྲངས2093ལ་ཕྱི་ནད་ཚན་ཁག་གིས་བཤགས་བཅོས་བྱས་པ་དང་། ད་ཡོད་ནད་པ་མི་གྲངས9170ཚང་མར་རིན་པ་མི་དགོས་པར་སྨན་བཅོས་བྱས་ཡོད། རིགས་སྣ་ཚོགས་ཀྱི་མི་ཁྲི340ལ་བདེ་ཐང་སློབ་གསོ་བྱས། ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱེད་ཐབས་སྤྱི་ཡོངས་སུ་ཤེས་རྟོགས་བྱུང་ཚད་བརྒྱ་ཆ84.74ལ་ཟིན་ཞིང་། མི་ཚོགས་ལ་ནད་ཕོག་ཚད2012ལོའི་བརྒྱ་ཆ1.72ནས2019ལོའི་བརྒྱ་ཆ0.94བར་ཆག་ཡོད། ལོ6ནས12བར་གྱི་ཕྲུ་གུར་ཐུམ་འབུའི་ནད་ཕོག་མཁན་གསར་པ་ཞིབ་བཤེར་བྱས་ཚད2014ལོའི་བརྒྱ་ཆ0.13ནས2019ལོའི0.01བར་ཆག་པ་དང་། ཁྱི་ནས་ཐུམ་འབུའི་ནད་འགོས་ཚད2014ལོའི་བརྒྱ་ཆ2.76ནས2019ལོའི་བརྒྱ་ཆ1.39བར་ཆག་ནས་གཅིག་འཕར་བ་དང་གསུམ་དམའ་རུ་ཕྱིན་པའི་གནས་བབ་བཟང་པོ་མངོན་ནས་ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་ཕལ་ཆེར་ཚོད་འཛིན་བྱེད་ཐུབ་པ་རེད།

རྗེས་མར་ཁུལ་ཡོངས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། སྤྱི་པའི་འཕྲོད་བསྟེན་གྱི་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་དང་དམིགས་ཡུལ་དང་གནད་དོན་ཁྲིད་སྟོན་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དང་། གཅིག་གྱུར་གྱིས་ཏོག་གསར་གློ་རིམས་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཡག་པོ་བྱས་ཏེ། སྤྱི་པའི་འཕྲོད་བསྟེན་སྔོན་འགོག་ཚོད་འཛིན་གྱི་དྲ་བ་དམ་པོར་བཙུགས་ནས། བྱ་སྤྱོད་ཆེན་པོ་དྲུག་རྒྱུན་མཐུད་ལག་བསྟར་བྱ་རྒྱུ་དང་སྔོན་འགོག་ཚོད་འཛིན་གྱི་འཐབ་ཇུས་བཟང་འགྱུར་དང་མི་ཚོགས་ལ་ཞིབ་བཅོས་ཚད་ལྡན་བྱས་ནས། རིམས་ནད་འགོས་ཁུངས་དོ་དམ་ཚོད་འཛིན་ཞིབ་ཕྲ་བྱ་རྒྱུ་དང་། གཞི་རིམ་གྱི་བདེ་ཐང་སློབ་གསོ་དོན་འཁྱོལ་བྱས་ནས་རྒྱལ་གཅེས་འཕྲོད་བསྟེན་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་རྒྱུ་དང་། ཐུམ་འབུའི་ནད་ཡུན་རིང་འགོག་བཅོས་དང་གཙང་སེལ་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་ནས། རྒྱུན་ཆད་མེད་པར་སྨན་བཅོས་འཕྲོད་བསྟེན་གྱི་སྤུས་ཚད་མུ་མཐུད་དེ་ཇེ་དྲག་ཏུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་དྲག་ཏུ་གཏང་དགོས་པ་རེད།

  • ལེ་ཚན་སྔོན་མ།:པར་རིས་གསར་འགྱུར།
  • ལེ་ཚན་རྗེས་མ།: བོད་མིའི་ཟས་མཆོག་ནས་ཀྱི་རྣམ་བཤད་རགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།