རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྐྱིད་ཡོད་པར་བྱ།

བདེ་སྐྱིད་ཀྱིས་བསྒྱུར།        2020-09-23

སེར་ཤུལ་དང་གསེར་ཐར། ལི་ཐང་སོགས་ཀྱི་མཚོ་འཕགས་ཆེས་མཐོ་བའི་ས་ཁུལ་དུ་དགུན་དུས་གྲང་ངར་ཆེ་ལ་གསོ་རླུང་དཀོན་པས་རྒན་གསོ་ལ་མི་འཚམ་པ་ཡིན་པའི་གནས་ཚུལ་ལ་གཞིགས་ནས་རང་ཁུལ་གྱིས་ཡུལ་གཞན་དུ་གནས་བཅའ་བའི་རྒན་གསོའི་ཞབས་ཞུའི་བྱེད་ཐབས་ཉམས་ཞིབ་ཧུར་ཐག་བྱས་ནས། མ་དངུལ་བསྡོམས་འབོར་སྒོར་ཁྲི4800བཏང་བའི་དཀར་མཛེས་ཁུལ་ལྕགས་ཟམ་ཁ་རྒན་རྒོན་བདག་སྐྱོང་ཁང་གི་ལས་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། ཁུལ་ནང་གི་མཚོ་འཕགས་ཆེས་མཐོ་བའི་ས་ཁུལ་གྱི་རྒན་རྒོན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་ཐུབ་པ་བྱ་རྒྱུ་རེད།

ཁུལ་ཡོངས་ཀྱི་རྒན་རྒོན་ཁྲི13.2རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྐྱིད་ལྡན་པ། རྒས་དུས་བློ་བདེ་བ་བཅས་ཡོང་བར་འགན་ལེན་བྱེད་ཆེད། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་སྔོན་རྗེས་སུ་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་། འཁོས་དཔག་ལས་སྒྲུབ་དང་ནུས་ཤུགས་གང་ཡོད་འདོན་པ། གཙོ་གནད་འབུར་ཐོན། ཀུན་ཕན་འོས་འཚམ་བཅས་ཀྱི་རྩ་དོན་ལྟར། ཁྱིམ་སྡོད་རྒན་གསོ་དང་སྡེ་ཁུལ་ཞབས་ཞུར་བརྟེན་པ་དང་ལས་ཁུངས་རྒན་གསོ་འདེགས་སྐྱོར་བྱེད་པའི་སྤྱི་ཚོགས་རྒན་གསོའི་ཞབས་ཞུའི་མ་ལག་སྐྲུན་པར་ཤུགས་བརྒྱབ་སྟེ། ལོ་ན་མཐོ་བ་དང་ནུས་པ་ཉམས་པ། དབུལ་ཕོངས། རྨས་སྐྱོན་སོགས་ཀྱི་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་དམིགས་བསལ་དགོས་མཁོར་གཙོ་གནད་དུ་དོ་ཁུར་བྱས་ནས། སྲིད་གཞུང་གི་མཐའ་སྐྱོང་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ་དང་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་དང་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་བྱེད་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་རོགས་སྐྱོབ་དང་བསྙེན་བཀུར་བྱེད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་ལོ80དང་ལོ90ལོ100ཡན་གྱི་རྒན་རྒོན་ལ་མི་རེར་ཟླ་རེར་སྒོར50དང་སྒོར100སྒོར200བཅས་ཁ་གསབ་བྱས་པ་རེད།

སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེ། རྒན་གསོའི་ཞབས་ཞུ་སོགས་དམངས་ཕན་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས། གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྨན་རིན་དུས་ཐོག་ཏུ་རྩིས་རྒྱག་བྱ་རྒྱུ་མགོ་ཚུགས་ཤིང་། རྫོང﹙གྲོང་ཁྱེར﹚ཁག་གི་“སྨན་བཅོས་སྒྲིག་གཞི་ཚང་མས་རྫོང་ཁོངས་སུ་སྔོན་ལ་སྨན་བཅོས་བྱས་ནས་རྗེས་སུ་སྨན་རིན་སྤྲོད་པ”དང་། “གཅིག་འཐུས་རྣམ་པའི་སྨན་རིན་རྩིས་རྒྱག་པའི”ཞབས་ཞུ་ཚང་མ་དོན་འཁྱོལ་བྱས་ནས་ནད་པ་དབུལ་ཕོངས་སྨན་བཅོས་བྱ་རྒྱུར་དེ་བས་སྟབས་བདེ་བྱས་ཡོད་པ་རེད། གྲོང་ཁྱེར་དང་ཡུལ་ཤོག་གི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་བསྙེན་བཀུར་ཞུ་བའི་ལས་ཀ་ཁྱོན་ཡོངས་ནས་སྤེལ་ཞིང་། གྲོང་ཁྱེར་དང་ཡུལ་ཤོག་གི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣའི་གཅིག་སྡུད་བསྙེན་བཀུར་ཚད་གཞི་ཟླ་བ་རེར་སྒོར767དང་ཁ་ཐོར་བསྙེན་བཀུར་ཚད་གཞི་ཟླ་བ་རེར་སྒོར507ཡིན་པ་དང་། རོགས་སྐྱོབ་བྱ་དགོས་རིགས་ཚང་མ་ཚད་གཞི་ལྟར་འགན་ལེན་བྱས་ཏེ་དུས་ཐོག་ཏུ་ནུས་པ་ཤོར་བ་དང་ནུས་པ་ཕྱེད་ཙམ་ཤོར་བ། གཅིག་པུར་བསྡད་པའི་དཀའ་ངལ་ཡོད་པའི་རྒན་རྒོན་བཅས་ལ་གཅིག་སྡུད་བསྙེན་བཀུར་གྱི་ཞབས་འདེགས་ཞུ་མཁོ་འདོན་བྱས་པ་རེད། དུས་ཐོག་ཏུ་རྒན་གསོའི་སྒྲིག་གཞི་ནང་གཅིག་སྡུད་བསྙེན་བཀུར་བྱེད་མཁན་རྒན་རྒོན1000ལྷག་ཙམ་ལ་འགན་བཅོལ་ཉོས་ཡོད་པ་རེད།

དེ་དང་ཆབས་ཅིག་རང་ཁུལ་གྱིས་ཁྲེང་ཏུའུ་སོགས་ཡུལ་གཞན་གྱི་རྒན་གསོའི་སྒྲིག་གཞི་མཉམ་སྐྲུན་བྱ་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གནས་སྡོད་རྒན་གསོ་དང་ཡུལ་གཞན་དུ་རྒན་གསོའི་ཞབས་ཞུ་བྱེད་སྟངས་ཕུན་སུམ་ཚོགས་སུ་བཏང་ནས་རྒན་རྒོན་ལ་རྒན་གསོའི་ཞབས་ཞུ་དེ་བས་མང་བ་མཁོ་འདོན་བྱེད་པ་རེད། རང་ཁུལ་གྱི་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། བོད་སྨན་གྱི་ཁྱད་ལྡན་སྨན་བཅོས་བདེ་ཐང་སླར་གསོའི་ཞབས་ཞུ་སྤེལ་ནས་འཚོ་སྡོད་དང་སྨན་བཅོས། ནད་གསོ། ལྟ་སྐྱོང་། ཚེ་མཇུག་ཐུགས་འཁུར་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཆེད་ལས་ཅན་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་མ་ལག་ཅིག་ཆགས་པ་བྱས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:རང་རེའི་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་བཏང་།
  • ལེ་ཚན་རྗེས་མ།:པར་རིས་གསར་འགྱུར།
  • དོ་སྣང་ཆེ་བའི་རྩོམ།