ལྐོག་གྱུར་གྱི་འཚོ་བ།

མགར་རྐང་།        2020-09-22

ལོ་དང་ཟླ་བ་གློ་བུར་རྒྱབ་ལ་བཞུར།།

འཚོ་བའི་ཕུགས་བསམ་སྔར་ལས་དོག་པར་སྣང་།།

གསོན་དང་འཆི་བའི་དོན་སྙིང་མ་འཚོལ་བའི།།

དོན་གྱིས་སེམས་དྲོད་བྱ་བར་གཞལ་མ་མཆིས།།

སྐྱོ་དགུའི་རྒྱ་མཚོ་སྐྱོམ་པའི་སྤྱི་ཚོགས་ནས།།

ཡུད་ཙམ་མགྲོན་པོར་བཞེངས་བའི་བདག་ལུས་འདི། །

གཅམ་བུའི་ཟོལ་གྱིས་གཞན་ངོ་སྲུང་བྱེད་ཙམ།།

རང་བྱུང་ཁམས་ཀྱི་སྣོད་དང་གྱེས་ན་འདོད།

སྣ་ཚོགས་མིག་གི་མཐའ་ལ་ཡིད་འོང་བའི།།

སྟོང་ཡངས་ནམ་མཁའ་ཙམ་ཞིག་པང་དུ་ལེན།།

སྐར་ཚོགས་གྲངས་སུ་འདྲེན་མའི་མཚན་ལྗོངས་དེར།།

སྟོང་བའི་ཕུགས་བསམ་ཟབ་མོས་གདུང་བར་བྱེད།།

ལས་ཀྱི་རྩིས་ཐང་སེམས་སུ་བྲིས་ནའང་།།

ཚེ་རབས་ཕྲེང་བར་བརྒྱུས་པའི་གླེན་མ་དེས།།

ལུས་ཀྱི་རྣམ་འགྱུར་ཙམ་ལས་སེམས་དྲོད་གནང་།།

རེ་བའི་དར་སྐུད་རྒྱང་ལ་འཐེན་པར་དོག།

མི་བཟོད་བདེ་བའི་ཚོར་བ་མཆེད་ཙམ་གྱིས།།

འཚོ་བའི་ལན་ཆགས་ཁུར་དུ་ལེན་བར་བྲེལ།།

འཁོར་བའི་ལེགས་ཉེས་མཁྱེན་པའི་དཀོན་མཆོག་ལགས།།

ལུས་དམན་ང་ལ་དགོངས་ཡངས་ཐེངས་གཅིག་གནོངས།།


  • ལེ་ཚན་སྔོན་མ།:བུ་མོ་དེའི་གླུ་དབྱངས་ཐོས་དུས།
  • ལེ་ཚན་རྗེས་མ།:ཐོ་བ་ཞུ་ཐེངས་རེ་ལ།