རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྨོ་ཞིང་སྐོར་གྱི་བརྡ་ཐོ་གལ་ཆེན་ཞིག

བོད་ལྗོངས་ཉིན་རེའི་ཚགས་པར།        2020-09-22

  ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྨོ་ཞིང་གི་སྤྱོད་གོ་གཞན་སྒྱུར་གྱི་བྱེད་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས་བྱ་ཐབས་ནུས་ལྡན་སྤྱོད་པ་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་ཡག་པོ་བཅས་བྱས་ནས་རྨོ་ཞིང་གི་སྤྱོད་གོ་གཞན་སྒྱུར་བྱེད་པའི་བྱེད་སྤྱོད་སྣ་ཚོགས་ལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། རྨོ་ཞིང་གི་དམར་ཐིག་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    《བརྡ་ཐོའི》ནང་། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྨོ་ཞིང་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཉེ་བའི་ལོ་ཤས་རིང་། རྨོ་ཞིང་སྲུང་སྐྱོང་ནན་པོ་བྱེད་པའི་སྲིད་ཇུས་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་གནང་ཡོད་མོད། འོན་ཀྱང་། ས་གནས་ཁག་གཅིག་ལ་སྔར་བཞིན་སྒྲིག་འགལ་ངང་རྨོ་ཞིང་གི་སྤྱོད་གོ་གཞན་སྒྱུར་བྱས་ཏེ་རྨོ་ཞིང་ཐོག་གང་བྱུང་འཛུགས་སྐྲུན་བྱེད་པའི་བྱེད་སྤྱོད་ཐོན་བཞིན་ཡོད། 《བརྡ་ཐོ》ཡི་ནང་གཏན་འགོག་བྱེད་དགོས་པའི་རྨོ་ཞིང་གི་སྤྱོད་གོ་གཞན་སྒྱུར་གྱི་བྱེད་སྤྱོད་དྲུག་ཁ་གསལ་བཏོན་ཡོད་པ་སྟེ།

   གཅིག སྒྲིག་འགལ་ངང་རྨོ་ཞིང་ཐོག་སྔོ་འགྱུར་ནགས་བཟོ་བྱ་རྒྱུ་གཏན་འགོག་བྱེད་དགོས།

   གཏན་འཇགས་གཞི་རྩའི་རྨོ་ཞིང་ཐོག་སྡོང་ཕྲུག་དང་སྤང་སོགས་སྔོ་ལྗང་ཅན་དང་། དེ་བཞིན་རྨོ་ཞིང་ལ་རྩི་ཤིང་འདེབས་འཛུགས་བྱེད་པར་གཏན་འགོག་བྱེད་དགོས། སྒྲིག་འགལ་ངང་རྨོ་ཞིང་དང་དེ་བཞིན་གཏན་འཇགས་གཞི་རྩའི་རྨོ་ཞིང་ཐོག་ནགས་བཟོ་བྱས་པའི་རིགས་ལ། ནགས་བཟོའི་རྒྱ་ཁྱོན་ལ་ཞིབ་དཔྱད་མི་བྱེད་པ་མ་ཟད། ནོར་སྲིད་མ་དངུལ་གྱི་ཁ་གསབ་སྤྲོད་མི་ཆོག

   གཉིས། ཚད་གཞི་ལས་བརྒལ་ནས་ལྗང་མདོག་གཞུང་ལམ་བསྐྲུན་རྒྱུ་གཏན་འགོག་བྱེད་དགོས།

   ལྕགས་ལམ་དང་གཞུང་ལམ་གཞོགས་གཉིས་ཀྱི་སྤྱོད་ཆོག་པའི་ས་ཆ་ཕུད། རྩྭ་རྩི་ཤིང་འདེབས་པར་ཞིབ་མཆན་འགོད་སྐབས་ཚོད་འཛིན་ནན་པོ་བྱེད་དགོས། གཞུང་ལམ་རྒྱུད་ཀྱི་རྨོ་ཞིང་ཡིན་རིགས་ལ་གཞོགས་གཉིས་ཀྱི་སྤྱོད་ཆོག་པའི་ས་ཆ་ཕུད། རྩྭ་རྩི་ཤིང་འདེབས་པའི་ཞེང་ཚད་སྨི5ལས་བརྒལ་མི་ཆོག་པ་དང་། དེའི་ནང་རྫོང་དང་ཤང་གི་འགྲོ་ལམ་སྨི3ལས་བརྒལ་མི་ཆོག སྒྲིག་འགལ་ངང་ཡུར་བུའི་གཡས་གཡོན་དང་ཆུ་མཛོད་ཀྱི་མཐའ་འཁོར་གྱི་རྨོ་ཞིང་དང་དེ་བཞིན་གཏན་འཇགས་གཞི་རྩའི་རྨོ་ཞིང་ཐོག་ཚད་གཞི་ལས་བརྒལ་བའི་ལྗང་མདོག་གཞུང་ལམ་བསྐྲུན་མི་ཆོག  གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་འཛུགས་སྐྲུན་སོགས་ཀྱི་མིང་ཐོག་ནས་ཁྲིམས་འགལ་སྒྲིག་འགལ་གྱིས་རྨོ་ཞིང་གི་སྤྱོད་གོ་གཞན་སྒྱུར་བྱེད་རིགས་གཏན་འགོག་བྱེད་དགོས།

   གསུམ། སྒྲིག་འགལ་ངང་རྨོ་ཞིང་ཐོག་མཚེའུ་དྲུས་ནས་མཛེས་ལྗོངས་ཁུལ་བསྐྲུན་པར་གཏན་འགོག་བྱེད་དགོས།

   ཆུ་བོ་དང་། འདམ་ར། མཚེའུ་བཅས་བཅོས་སྐྱོང་བྱེད་པར་ཁ་གཡར་ནས་རྨོ་ཞིང་དང་དེ་བཞིན་གཏན་འཇགས་གཞི་རྩའི་རྨོ་ཞིང་གང་བྱུང་དུ་བསྔོགས་ནས་མཚེའུ་བཟོ་བ་དང་མཛེས་ལྗོངས་ཁུལ་བསྐྲུན་པར་གཏན་འགོག་བྱེད་དགོས། གྲོང་ཁྱེར་འཛུགས་སྐྲུན་བྱེད་རིང་། སྒྲིག་འགལ་ངང་རྨོ་ཞིང་ཐོག་མིས་བཟོས་འདམ་རའི་སྤྱི་གླིང་དང་མིས་བཟོས་ཆུ་བེད་མཛེས་ལྗོངས་ཁུལ་བསྐྲུན་མི་ཆོག

   བཞི། གཏན་འཇགས་གཞི་རྩའི་རྨོ་ཞིང་ཐོག་རང་བྱུང་སྲུང་སྐྱོང་ཁུལ་རྒྱ་སྐྱེད་གཏོང་རྒྱུ་གཏན་འགོག་བྱེད་དགོས།

   གསར་དུ་བསྐྲུན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་མཚམས་གསལ་པོ་འབྱེད་དགོས་པ་ལས་གཏན་འཇགས་གཞི་རྩའི་རྨོ་ཞིང་བཟུང་མི་ཆོག  གཏན་འཇགས་གཞི་རྩའི་རྨོ་ཞིང་དང་གཅིག་སྡུད་ཡུག་འབྲེལ་གྱི་རྨོ་ཞིང་དག་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་མི་ཆོག

   ལྔ། སྒྲིག་འགལ་ངང་རྨོ་ཞིང་ཐོག་ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་པར་གཏན་འགོག་བྱེད་དགོས།

   འཆར་འགོད་ལས་འགལ་ཏེ་ཞིང་ལས་མིན་པའི་འཛུགས་སྐྲུན་དང་རྨོ་ཞིང་ཐོག་ཁང་པ་རྒྱག་པ་སོགས་བྱེད་མི་ཆོག “འགྱིག་ཤོག་དྲོད་ཁང་ཆེ་མོའི”གནད་དོན་གཙང་བཤེར་དང་བཅོས་སྒྲིག་གི་གྲུབ་འབྲས་བརྟན་དུ་གཏོང་བ་དང་ཞིང་ལས་སྒྲིག་བཀོད་ལ་སྤྱོད་པའི་ས་ཆར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨོ་ཞིང་བེད་སྤྱོད་བྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྨོ་ཞིང་གང་བྱུང་དུ་བཟུང་སྟེ་ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་པར་དུས་ཐོག་ཏུ་ཉེན་བརྡ་བཏང་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བཀག་འགོག  ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱེད་པའི་རྒྱུན་རྣམ་ཅན་གྱི་ལྟ་འདོམས་ལམ་སྲོལ་འཛུགས་དགོས།

   དྲུག  ཁྲིམས་འགལ་སྒྲིག་འགལ་གྱིས་ས་ཞིང་མཆན་འགོད་དང་བཀོལ་སྤྱོད་བྱེད་པར་གཏན་འགོག་བྱེད་དགོས།

   ས་ཁུལ་ཁག་གིས་རྫོང་དང་ཤང་གི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་བྱེད་སྐབས་རང་དགར་གཏན་འཇགས་གཞི་རྩའི་རྨོ་ཞིང་བཟུང་བའི་ཞིབ་མཆན་འགོད་མི་ཆོག ཆོག་མཆན་མ་ཐོབ་པའམ་གཏན་འབེབས་དང་མི་མཐུན་པའི་འཛུགས་སྐྲུན་རྣམ་གྲངས་སྣ་ཚོགས་དང་གནས་སྐབས་ས་ཆ་སྤྱོད་པ་སོགས་ཀྱིས་རྨོ་ཞིང་དང་། དེ་བཞིན་གཏན་འཇགས་གཞི་རྩའི་རྨོ་ཞིང་བཟུང་རིགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱས་ནས་དུས་བཀག་ནང་དེ་སྔའི་རྨོ་ཞིང་གི་འདེབས་འཛུགས་ཆ་རྐྱེན་སླར་གསོ་བྱེད་དགོས་པའི་བཀའ་གཏོང་དགོས་པ་བཅས་རེད།

   《བརྡ་ཐོའི》ནང་། རྨོ་ཞིང་སྲུང་སྐྱོང་དང་ཞིབ་བཤེར་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་སྒྲིག་འགལ་ངང་གཏན་འཇགས་གཞི་རྩའི་རྨོ་ཞིང་བཟུང་ནས་སྔོ་འགྱུར་ནགས་བཟོ་དང་། མཚེའུ་དྲུས་ནས་མཛེས་ལྗོངས་ཁུལ་བཟོ་བ། ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་པ་སོགས་ཀྱི་རྨོ་ཞིང་གི་སྤྱོད་གོ་གཞན་སྒྱུར་གྱི་བྱེད་སྤྱོད་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲིའི་དམིགས་ཚད་དཔྱད་ཞིབ་ཀྱི་ནང་དོན་ནང་འཇུག་དགོས་པའི་བླང་བྱ་བཏོན་ཡོད།

  • ལེ་ཚན་སྔོན་མ།:དོན་དངོས་ལ་དམིགས་ཤིང་རྨང་གཞི་ལེགས་པོ་བཏིང་སྟེ་འཕྲིན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བརྟན་པོར་གཏང་དགོས།
  • ལེ་ཚན་རྗེས་མ།:པདྨ་ཚེ་བརྟན་ལ་ལྷོ་རྒྱུད་རྩོམ་རིག་གི་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།