འབད་འཐབ་ལྷོད་མེད་བྱས་ནས་བྱས་རྗེས་བཞག། ཕུགས་འདུན་དོན་དུ་གཉེར་ནས་མདུན་དུ་སྐྱོད།།

སྐལ་ཐུབ་ཀྱིས་བྲིས།        2020-09-21

      དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མགོ་ཁྲིད་བྱས་པའི་འབད་འཐབ་ཀྱི་ལོ་རྒྱུས་ཤིག་ཡིན་ལ། གོམ་ཐེངས་གཅིག་གིས་ལོ་སྟོང་བརྒལ་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་ཀྱང་ཡིན་ཞིང་། མདོར་ཧྲིལ་གྱིས་བསྒྲིལ་ན་ཏང་གི་སྲ་བརྟན་གྱི་མགོ་ཁྲིད་དང་ཏང་གི་མི་རིགས་སྲིད་ཇུས་ལ་རག་ལས་ཀྱི་ཡོད་པ་རེད། ལོ70ཡི་རིང་ལ། ཀྲུང་དབྱང་དང་ཞིང་ཆེན་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་ཟམ་མི་ཆད་པའི་འོག་དང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀར་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་གངས་ལྗོངས་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བྱས་པར་བརྟེན། དཀར་མཛེས་ཁུལ་ལ་ལོ་རྒྱུས་རང་བཞིན་དང་གཞི་རྩའི་རང་བཞིན་གྱི་འཕོ་འགྱུར་རིམ་པར་བྱུང་ནས། ད་ལྟ་ཁུལ་ཡོངས་སུ་མི་རིགས་མཐུན་སྒྲིལ་འཆམ་མཐུན་ཡིན་ཞིང་། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་སོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡིན་པ། ལས་བྱེད་པ་དང་མང་ཚོགས་ཀྱིས་སྙིང་སྟོབས་ཆེར་བསྐྱེད་ངང་ལས་སྒྲུབ་ལས་བརྩོན་བྱེད་བཞིན་ཡོད་པའི་རྣམ་པ་གསར་པ་ཞིག་ཆགས་ཟིན་པ་རེད།

    ལོ70ཡི་སྔོན་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར0.34ནས་ད་ལྟའི་སྒོར་དུང་ཕྱུར388.46བར་འཕར་ཞིང་ལྡབ1142.5འཕར་ཡོད། ནོར་སྲིད་ཀྱི་ཡོང་འབབ1950ལོའི་སྒོར་ཁྲི22ནས2019ལོར་སྒོར་དུང་ཕྱུར34.12བར་འཕར་ཞིང་ལྡབ15507.4འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར1950ལོའི་སྒོར66ནས2019ལོར་སྒོར32110བར་འཕར་ཞིང་ལྡབ491.5ཡིན། 2014ལོ་ནས་བཟུང་། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར18ཀྱི་དབུལ་ཞྭ་ཕུད་ཐུབ་ཡོད་ཅིང་། དབུལ་ཕོངས་གྲོང་སྡེ1360ཚང་མ་དབུལ་པོའི་གྲས་ནས་ཕྱེར་འཐེན་ཐུབ་ཡོད་ལ། དབུལ་པོ222986དབུལ་ཐར་བྱུང་ཡོད་པས། དབུལ་ཕོངས་འབྱུང་ཚད2013ལོའི་ལོ་མཇུག་གི་བརྒྱ་ཆ23.17ནས2014ལོར་བརྒྱ་ཆ0བར་ཆག་ཡོད། ད་ལྟ་དཀར་མཛེས་ཁུལ་ལ་གནམ་གྲུ་ཐང3དང་མྱུར་བགྲོད་གཞུང་ལམ་གཅིག་གྲུབ་ཟིན་ཅིང་། ཁྲོན་བོད་ལྕགས་ལམ་གྱི་ལས་གཞི་ཡང་མགོ་ཚུགས་ཟིན་ལ། ད་ཆའི་བར་ཁུལ་ཡོངས་སུ་གཞུང་ལམ་སྤྱི་ལེ34310ལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། 2019ལོར་དཀར་མཛེས་ཁུལ་ལ་རིམ་བརྩིས་བྱས་ན་ནགས་ཚལ་གླིང་ག11དང་འདམ་ར་གླིང་ག17ལ་ཆོག་མཆན་ཐོབ་ཡོད། 2019ལོའི་ཟླ་བ9པའི་ཚེས16ཉིན་ལ་དཀར་མཛེས་ཁུལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་གྲས་སུ་ཚུད་ཡོད། 2019ལོར་རྒྱ་བོད་སྨན་ལས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར15ལ་ཟིན་ཡོད། གྲངས་ཀ་དེ་སོགས་ལས་དཀར་མཛེས་ཁུལ་དབུལ་པོ་དབུལ་རྐྱང་ནས་ས་ཁོངས་ཡོངས་ལ་དབུལ་ཞྭ་ཕུད་ཐུབ་པ་བྱུང་བའི་བར་དང་། ཐོན་ལས་ཆགས་ཚུལ་ཚན་རྐྱང་ཡིན་པ་ནས་ལས་བརྒྱ་གོང་འཕེལ་ཕྱིན་པའི་བར། ལྟོ་གོས་མི་འདང་བ་ནས་འབྱོར་ཕྱུག་གི་ལམ་བུར་བསྐྱོད་པའི་བར་བཅས་ལོ་ངོ70རིང་གི་འབད་འཐབ་ལོ་རྒྱུས་རླབས་པོ་ཆེ་དང་གནམ་ས་བློ་འོག་ཏུ་བསྒྱུར་འདྲའི་འཕོ་འགྱུར་མཚོན་ཐུབ་ཀྱི་ཡོད་པ་རེད།

      དཀར་མཛེས་ཁུལ་བཙུགས་ནས་ལོ70འཁོར་བའི་དུས་སྟོན་འདི་ནི་གྲུབ་འབྲས་སྟོན་པ་དང་བསམ་ཤུགས་སློང་བ། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་འདུ་ཚོགས་ཤིག་ཡིན་ལ། མེས་རྒྱལ་དང་དུས་རབས་ལ་བསྟོད་གླུ་འབུལ་བ་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་བའི་འདུ་ཚོགས་ཤིག་ཡིན་ཞིང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་མངོན་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ཐུན་གཅིག་ཡིན་ལ། མི་རིགས་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་དབྱངས་རྟ་གཙོ་བོ་ཞིག་ཀྱང་ཡིན་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གར་སྟེགས་ཆེན་པོ་ཞིག་ཀྱང་ཡིན་ལ། ཧུར་སྐྱོད་ཞུམ་མེད་བྱས་ནས་ལེའུ་གསར་པ་འབྲི་པའི་སྐུལ་སློང་ཐེངས་ཤིག་ཀྱང་ཡིན་ནོ།།

     ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱ་དགོས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ་བྱ་དགོས་ལ། འཐབ་ཇུས་ཀྱི་ངེས་ཤུགས་མཐའ་གཅིག་ཏུ་སྲུང་འཛིན་བྱེད་ཅིང་། འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དོན་འཁྱོལ་བྱ་བསམ་པའི་རང་རྟོགས་དང་དོན་འཁྱོལ་བྱེད་ཕོད་པའི་འགན་འཁྲི། དོན་འཁྱོལ་བྱེད་ཤེས་པའི་ནུས་པ་བཅས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་མཇུག་འགྲན་ལས་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ། རིམས་བབ་འགོག་ཟོན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱལ་ཁ་གཉིས་འཐོབ་འབྱུང་གང་ཐུབ་བྱས་ནས་མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་མགྱོགས་པོར་བྱེད་པར་སྟོབས་ཤུགས་དེ་བས་མང་པོ་འབུལ་དགོས་སོ།།

  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70 རིང་གི་གྲུབ་འབྲས་འགྲེམ་སྟོན་གྱི་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།