འབྲི་ཆུ་སྔོན་མོའི་ཐོག་ཏུ་བཙུགས་པའི་གསེར་ཟམ།

ཡེ་ཤེས་ཕན་བདེ་དང་ཀྲང་ཧབ་ཀྱིས།        2017-09-28

     འབྲི་ཆུ་སྔོན་མོའི་ཐོག་ཏུ་བཙུགས་པའི་གསེར་ཟམ།

   སྟོན་འགོ་བཙུགས་པའི་སྡེ་རོང་རྫོང་དུ་བསིལ་རླུང་དལ་མོར་ལྡང་ཞིང་རི་ཀླུང་ཀུན་ལ་ཕྱུག་མདངས་རྒྱས། འབྲི་ཆུ་བདས་ནས་འབའ་ཐང་རྫོང་དང་སྡེ་རོང་གི་ས་མཚམས་སུ་གྲོང་ཚོ་ཆུང་ཆུང་ཞིག་ཆགས་ཡོད་པ་དེ་ལ་སྨན་སྟེང་གྲོང་པ་ཟེར། གྲོང་པར་དེའི་ཡུལ་མི་ཚེ་རིང་ནོར་བུས་འཛུམ་དམུལ་དམུལ་གྱིས་གྱ་གྱུའི་གཞུང་ལམ་དུ་འཕྲུལ་རྟ་བཞོན་ནས་སླེབས་བྱུང་། ཁོས་དེ་རིང་འདྲ་པོ་འཕྲུལ་རྟ་བཞོན་ནས་སྒོ་ཁར་སླེབས་པ་དེ་རྨི་ལམ་ན་ཡང་རྨིས་མ་མྱོང་བ་རེད། ལོ20ལྷག་འབྲེང་ཟམ་བརྒྱུད་ནས་འཚོ་བ་བྱེད་པའི་ཡུལ་མི་ཚེ་རིང་ནོར་བུ་ལ་མཚོན་ན། འཕྲུལ་རྟ་བཞོན་ནས་འགྲོ་འོང་བྱེད་ཆོག་པའི་འཚོ་བ་ནི་དངོས་གནས་བསམ་ཡུལ་འདས་པ་ཞིག་རེད།

     2013ལོར། ཁུལ་ཡོངས་ཀྱི་འབྲེང་ཟམ་ཟམ་ཆེན་དུ་བསྒྱུར་བའི་ཨར་ལས་འཛུགས་སྐྲུན་བྱེད་འགོ་བཙུགས་པ་རེད། ཁུལ་ཡོངས་སུ་འདབ་པ་དང་སྡེ་རོང་། དར་མདོ་དང་ཉག་ཆུ་ཁ། དཔལ་ཡུལ་དང་གསེར་ཐར་སོགས་རྫོང11ལ་ཁེབས་ཡོད། དེའི་ནང་སྡེ་རོང་རྫོང་དུ་འབྲེང་ཟམ་ཟམ་ཆེན་དུ་བསྒྱུར་བའི་ཨར་ལས11ཡོད། ལོ3ལྷག་གི་རིང་ལ་དཀའ་སྤྱད་འབད་རྩོན་བྱས་ནས་རྫོང་ཡོངས་ཀྱི་འབྲེང་ཟམ12དེ་ཟམ་ཆེན་དུ་བསྒྱུར་བའི་ཨར་ལས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་རེད། དུས་དེ་ནས་བཟུང་། འབྲི་ཆུ་དང་སྡིངས་ཆུ་འགྲམ་དུ་ཡུལ་མི་རྣམས་ཀྱི་འབྲེང་ཟམ་ཐོག་གི་འཚོ་བ་བྱེད་པའི་ལས་སྐལ་མཇུག་རྫོགས་པ་རེད།

འབྲི་ཆུ་སྔོན་མོའི་ཐོག་གི་དཀའ་ཚེགས་ཀྱི་ལོ་ཟླ།

    2017ལོའི་ཟླ་བ9པའི་ཚེས17ཉིན། སྨྱུག་འཛིན་པ་སྨན་སྟེང་གྲོང་དུ་བཅར་འདྲི་བྱེད་ས་འགྲོ་དུས་ཡུལ་མི་བཀྲ་ཤིས་ནོར་བུ་དང་ཐུག་བྱུང་། ཁོས་ལོ་རྒས་དུས་རྐང་ལག་ལ་ཡང་ཤུགས་མེད་ཅིང་། སྙིང་སྟོབས་ཆུང་བ་དང་། ཁྱིམ་ནང་ལན་གཅིག་འགྲོ་དགོས་བསམ་ནའང་ལུས་པོས་མི་འཇོན་ནས་སླེབས་མི་ཐུབ་པ་རེད་ཅེས་བཤད་པ་རེད། སྨན་སྟེང་གྲོང་གི་ཚེ་རིང་ནོར་བུ་དང་འདྲ་བའི་ཡུལ་མི་རྣམས་ལ་དེ་སྔོན་སྡུག་གི་ཁུར་པོ་ཆེན་པོ་ཞིག་ཡོད་པ་དེ་ནི་འབྲི་ཆུ་ཐོག་གི་འབྲེང་ཟམ་བརྒྱུད་པ་དགོས་རྒྱུ་དེ་རེད། འབྲེང་ཟམ་ནི་འབྲི་ཆུ་ཕར་རོལ་དུ་འགྲོ་བའི་སྟབས་བདེ་དང་ཉེན་ཁ་གཉིས་ལྡན་གྱི་འགྲུལ་ལམ་ཁོ་ན་ཡིན་ཞིང་། དམངས་གཙོ་བསྒྱུར་བཅོས་སྐབས་ཁོ་རང་རྫོང་དུ་ཅ་ལག་སྐྱེལ་སར་འགྲོ་དུས་འཁོར་སྒ་ཐོགས་ནས་ཅུང་མིན་ན་འབྲི་ཆུ་ནང་ལྷུང་བ་རེད། ཡུལ་མི་བཀྲ་ཤིས་ནོར་བུ་གནས་ཚུལ་དེ་བཤད་དུས་ད་རུང་ཡང་སེམས་ལ་སྐྲག་དངངས་ཁེངས་འདུག ལོ20རིང་ལ་འབྲེང་ཟམ་དང་འགྲོགས་ནས་འཚོ་བ་རོལ་བཞིན་པའི་སྨན་སྟེང་ཡུལ་མི་རྣམས་ལ་དཀའ་སྡུག་འཚོ་བའི་གཏམ་རྒྱུད་བཤད་མི་ཚར་བ་ཡོད། འབྲེང་ཐག་ཆད་ནས་ཆུ་ནང་ལྷུང་བ་དང་འཁོར་སྒ་འགག་ནས་ཆུ་ནང་ལྷུང་བ་སོགས་གནས་ཚུལ་ངན་པ་མང་པོ་བྱུང་ནས་མི་མང་པོའི་ཚེ་སྲོག་ནི་འབྲེང་ཟམ་འདི་རུ་མཇུག་རྫོགས་པ་རེད།

     བཀྲ་ཤིས་ནོར་བུས་ང་ཆུང་ཆུང་སྐབས་སློབ་གྲྭར་འགྲོ་དུས། བློ་རིག་རྣོ་མོ་ཡིན་པས་ཡི་གེ་ཡང་ཡག་མོ་ཤེས། འོན་ཀྱང་ང་ཚོ་གྲོང་པ་ནས་ལོ་རིམ་ལྔ་པ་མ་གཏོགས་ཡོད་མ་རེད། ལོ་རིམ་དྲུག་པ་ནི་རྫོང་ཐོག་ཏུ་འགྲོ་དགོས་རེད། ང་ཡང་དེའི་སྐབས་བྱིས་པ་ཅིག་རེད། འབྲེང་ཟམ་བརྒྱུད་ནས་འགྲོ་དགོས་ན་ཁྱིམ་མི་རྣམས་ཡང་སེམས་ཁྲལ་ཆེན་པོ་རེད། དེའི་རྐྱེན་གྱིས་ང་རང་སློབ་མཚམས་མི་འཇོག་ཀ་མེད་རེད། དེ་ནི་ང་རང་མི་ཚེ་གཅིག་གི་བློ་ཕམ་པའི་ལས་ཀ་རེད། འགྲིམ་འགྲུལ་མི་བདེ་བ་ནི་སྨན་སྟེང་གྲོང་པའི་བྱིས་པའི་རྣམས་ཀྱི་ཤེས་རིག་ཡོན་ཏན་སྦྱོང་བའི་ལམ་དུ་གནས་པའི་བཀག་རྡོ་ཞིག་ཏུ་གྱུར། དེར་མ་ཟད། འགྲིམ་འགྲུལ་མི་བདེ་བས་གྲོང་པའི་ཡུལ་མི་རྣམས་ལ་ནད་ཕོག་ན་ཡང་བཅོས་སར་འགྲོ་མི་ཐུབ་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་གྱི་རེད་ཅེས་བཤད།

      གྲོང་པའི་དྲུང་ཡིག་ངག་དབང་ལ་བུ་གཉིས་ཡོད། ཆེ་བ་ནི་ད་ལྟ་སློབ་གྲྭར་ནང་དུ་ཡི་གེ་འདོན་བཞིན་ཡོད། བུ་ཆུང་བ་དེ་ད་ལོར་ལོ9ལ་སོན་པ་རེད། འོན་ཀྱང་ལོ་ན་གསུམ་སོན་པའི་སྐབས་ལ་བུ་ཆུང་བར་ཆམ་པ་ཕོག་སྟེ་ཚ་བ་རྒྱས་ནས་དུས་ཐོག་ཏུ་སྨན་ཁང་དུ་བསྐྱལ་མ་ཐུབ་པས་ད་ལྟ་ཀླད་པའི་དབང་པོར་སྐྱོན་ཤོར་བ་རེད།

འབྲེང་ཐག་གསེར་ཟམ་བསྒྱུར་ནས་བདེ་སྐྱིད་མེ་ཏོག་ཤར།

      ཡུལ་མི་རྣམས་ཀྱིས་ཡུན་རིང་དུ་རེ་སྒུག་བྱས་པའི་སྨན་སྟེང་གྲོང་པའི་ཟམ་ཆེན་དང་གཞུང་ལམ་ད་ལོ་ཟླ་བ་ལྔ་པར་ལེགས་གྲུབ་བྱུང་བ་རེད། དེ་ནས་ང་ཚོ་གྲོང་མི་ཚོས་ནད་ལྟ་སར་འགྲོ་བ་དང་བྱིས་པ་སློབ་གྲྭར་བསྐྱལ་བ། ཚོང་འདྲ་རྒྱག་རྒྱུ་སོགས་གང་ཅིའི་ཐད་ལ་འགྲིམ་འགྲུལ་མི་བདེ་བའི་གནས་ཚུལ་རྩ་པ་ནས་མེད་པ་རེད། དངོས་གནས་ཕན་ནུས་ཆེན་པོ་རེད་ཅེས་ཡུལ་མི་བློ་བཟང་ཕུན་ཚོགས་ཀྱིས་དེ་ལྟར་བཤད།

སྡེ་རོང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བས་ངོ་སྤྲོད་བྱས་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་ལམ་རིམ་དུ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱིས་འབྲེང་ཟམ་ཟམ་ཆེན་དུ་བསྒྱུར་རྒྱུ་ནི་རྒྱ་ཆེན་མང་ཚོགས་ཡོངས་ལ་ཕན་ནུས་ལྡན་པའི་ཨར་ལས་ཞིག་ཡིན་པས་མཐོང་ཆེན་བྱས་ནས་གཅིག་གྱུར་འཆར་འགོད་བཞག་ཡོད། ཨར་ལས་དེ་ལེགས་འགྲུབ་བྱུང་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་ཐོན་ཚོང་ཟོག་ཚོང་ར་ནང་དུ་བསྐྱལ་ཐུབ་པ་དང་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེ་ཇེ་ཡག་ཏུ་འགྲོ་ངེས་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན་ཟམ་ཆེན་དེ་བསྐྲུན་རྗེས་མང་ཚོགས13000ལྷག་ལ་ཐད་ཀ་ཕན་ཐོགས་ཐུབ་པ་རེད།། 


  • ལེ་ཚན་སྔོན་མ།: ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་འཚོགས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་དུ་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྦྱོང་རྟེན་གཞི་བཙུགས།
  • དོ་སྣང་ཆེ་བའི་རྩོམ།